Skip to main content Skip to search
02 May 2013
29 min 33 sec
Video Overview
Creators: 
Tibetan & Himalayan Library

སངས་རྒྱས་ནི་རེབ་གོང་ཆུ་མ་སྡེ་བའི་རྒན་པོ་ཞིག་ཡིན་ལ། ད་ལྟ་དགུང་ལོ་དགུ་བཅུ་ལྷག་ལ་ཐོན་ཡོད། ཁོང་ཆུང་དུས་སུ་རེབ་གོང་ཤོག་ཁ་བཅུ་གཉིས་ལས་བསེ་རི་ཆུ་བར་གསུམ་གྱི་ནང་ཚན་ཆུ་མ་སྡེ་བའི་སྟེང་ཀའི་གཞི་མ་དགོན་པ་རུ་གྲྭ་བ་བྱས་མྱོང་བ་དང་། རྗེས་སུ་སྐྱ་སར་བབས་ཏེ་ཁྱིམ་གཞི་བསྐྱངས་པ་རེད། སངས་རྒྱས་ལ་ཆུང་དུས་ནས་ཁ་ལྕེ་བདེ་མོ་ཞིག་ཡོད་པས་སྡེ་བའི་དོན་དག་ཆེ་མ་ཆུང་གསུམ་མང་པོ་ཞིག་ལ་ཞུགས་པ་དང་། སྤྱི་ཚོགས་གསར་རྙིང་གཉིས་ཀྱི་དོན་དག་རབ་དང་རིམ་པ་མང་པོ་ཞིག་བརྒྱུད་མྱོང་བས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཐད་ཉམས་མྱོང་དང་ཤེས་བྱས་ཀུན་ནས་ཕྱུག་པ་ཞིག་ཡིན། བརྙན་ཐུང་འདིའི་ཁག་དང་པོར་ཁོང་གིས་རེབ་གོང་སྔགས་མང་གི་ཆོས་ཐོག་ཆུ་མ་སྡེ་བ་རུ་ཚོགས་སྐབས་སྔགས་མང་ལ་བརྗོད་པའི་བསྟོད་པ་ཁག་ཅིག་བཤད་ཡོད་ལ། ཁོང་གིས་བཤད་པ་ལྟར་ན་སྐབས་དེར་ཁོང་གིས་ཆུ་ཚོད་གཉིས་ལྷག་གི་རིང་ལ་བཤད་པ་དང་། སྔགས་མང་གཞུང་ནས་ལེགས་སོའི་ཁ་བཏགས་ཕུལ་ཏེ་ཕྱི་ཉིན་ཡང་བསྐྱར་ཐེངས་གཅིག་བཤད་པ་ཡིན་ཟེར། ནང་དོན་ནི་རེབ་གོང་སྔགས་མང་གི་མཛད་འཕྲིན་དང་མཐུ་ནུས་ལ་སྲོལ་རྒྱུན་གྱི་གཏམ་དཔེ་མང་པོ་སྤྱད་དེ་བསྟོད་པ་བྱས་ཡོད། ད་ལྟ་དགུང་ལོ་དགུ་བཅུ་ལྷག་ལ་ཐོན་ཡོད་པས་མང་པོ་ཞིག་བརྗེད་འདུག ཁག་གཉིས་པ་རུ། ཆུ་མ་སྡེ་བའི་ཉེ་འཁོར་དུ་ཡོད་པའི་རི་ནོར་བུ་དང་ཕོང་ཁྱ་ར་ཟེར་བའི་རི་གཉིས་ལ་སྲོལ་རྒྱུན་ལྟར་བསྟོད་པ་དང་རི་དེ་གཉིས་དང་འབྲེལ་ཏེ་རེབ་གོང་གྲུབ་ཐོབ་བརྒྱད་ཀྱི་ཡ་ཀྱལ་བསེ་རྒྱལ་བ་བྱང་ཆུབ་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་དང་། བསེ་རྒྱལ་བ་བྱང་ཆུབ་ཀྱིས་ཕྱག་བཏབ་པའི་སྟེང་ཀའི་གཞི་མ་དགོན་པའི་ལོ་རྒྱུས་སྐོར་ཞིག་གསུངས་ཡོད། ཁག་གསུམ་པ་རུ། འཇིག་རྟེན་རྒན་པོའི་བསམ་ཚུལ་ལྟར་འཇིག་རྟེན་མི་རྟག་པའི་རང་བཞིན་གསུངས་ཡོད། ཁག་བཞི་པ་རུ། སྔོན་གྱི་དུས་སུ་བོད་མི་ཚོས་མནའ་མ་སློང་སྐབས་སྐད་ཆ་ཅི་ཞིག་བཤད་དགོས་པ་དང་། ཡང་ཕན་ཚུན་ནང་དམེ་བྱས་ཏེ་མི་བསད་ན་སྟོང་ཇི་ལྟར་འཇལ་དགོས་ཚུལ་གྱི་སྐོར་གསུངས་པ་ལས་གཞན། དེ་ལས་འཕྲོས་ཏེ་ཆོས་རྗེ་དོན་གྲུབ་རིན་ཆེན་མདོ་སྨད་དུ་ཕེབས་ཚུལ་གྱི་སྐོར་ཡང་གསུངས་ཡོད། ཁག་ལྔ་པ་རུ། མདོ་སྨད་རེབ་གོང་ཡུལ་གྱི་ཆེས་ཐོག་མའི་དགོན་པ་སྟེ་སྟེང་ཀའི་གཞི་མ་དགོན་པའི་ལོ་རྒྱུས་དང་། སྟེང་ཀའི་གཞི་མ་དང་ཆོས་རྗེ་དོན་གྲུབ་རིན་ཆེན་བར་གྱི་འབྲེལ་བ། རྗེས་སུ་སྟེང་ཀའི་གཞི་མའི་དགོན་པ་གསར་མར་གྱུར་ཚུལ་སོགས་ཞིབ་ཏུ་གསུངས་ཡོད།

This is a video of Sanggyé from Chuma Village in Repgong providing a collection of sayings. This video is part of the Repgong Tamshé Competition.

Transcript search
No results found for this search
0 of 0