Video Overview
རྒྱ་ལུ་ནི་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ནང་ཚན་རོང་འབྲོག་ཚོ་ལྔའི་ཡ་ཀྱལ། མགར་རྩེ་ཆུ་ཅ་སྡེ་བའི་མི་ཡིན་པ་དང་། ད་ལོ་དགུང་ལོ་དྲུག་བཅུ་ལྷག་གི་ནང་དུ་ཡོད། ཁོང་ནི་རུ་སྡེ་འདིར་སྐད་གྲགས་ཆེས་ཆེ་བའི་མག་ལྕུགས་བཅངས་མཁན་ཞིག་ཡིན། མག་ལྕུག་ཟེར་བ་ནི་མདོ་སྨད་ཀྱི་འབྲོག་ཁུལ་དུ་དར་ཁྱབ་ཆེ་བའི་སྲོལ་རྒྱུན་གྱི་གོམས་སྲོལ་ཞིག་ཡིན་པ་དང་། སྐྱེས་པ་སུ་ཞིག་གཉེན་སྒྲིག་བྱེད་སྐབས་སུ་ངེས་པར་བརྒྱུད་དགོས་པའི་ཆོ་ག་ཞིག་ཀྱང་ཡིན། དེ་ཡང་གཉེན་སྒྲིག་ཉིན་མོར་སྡེ་བ་ཚོ་བའི་ནང་གི་མི་བསམ་ཤེས་ཁ་བདེ་ཞིག་གིས་མག་པ་གསར་བར་དར་ཚོན་སྣ་ལྔའི་སྐེ་རགས་བཅིངས་དགོས་པ་དང་། སྐེ་རགས་བཅིངས་སྐབས་ཐོག་མར་མག་པ་གསར་བར་ཁ་གཡེང་འབོད་པ་དང་། དེ་ནས་རིམ་པ་བཞིན་སྐེ་རགས་ཀྱི་ཁ་མདོག་དང་མདུད་པ་རྒྱག་སྟངས་སོགས་ནས་བརྩམས་ཏེ་རེ་རེའི་མཚོན་དོན་དང་འབྱུང་ཁུངས་སོགས་གསལ་བོར་བརྗོད་པ་རེད། བརྙན་ཐུང་འདིར་ཁོང་གིས་གསུངས་པའི་བཤད་པ་ཞིག་དང་མག་ལྕུགས་བཅངས་སྐབས་ཀྱི་གཏམ་བཤད་སོགས་ཡོད། དེ་ཡང་ཁོང་གིས་གསུངས་པའི་བཤད་པ་ནི་མི་གཞན་གྱི་བཤད་པ་དང་མི་མཚུངས་པར། ལོ་རྒྱུས་ཀྱི་གོ་རིམ་གསལ་ཞིང་འབྲེལ་ཆགས་པ། བོད་སྤྱིའི་ལོ་རྒྱུས་ཐད་ནས་གནའ་མིའི་ངག་རྒྱུན་རིམ་པར་བརྒྱུད་པ་ཞིག་དང་། བཤད་པ་དེར་དང་པོར་བོད་ཀྱི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་རིམ་པར་འདུས་ཤིང་། དེ་ནས་མདོ་སྨད་ཀྱི་ལོ་རྒྱུས། དེ་ནས་རེབ་གོང་ཡུལ་གྱི་ལོ་རྒྱུས། དེ་ནས་རིམ་པ་བཞིན་མགར་རྩེ་ཚོ་བཅོ་བརྒྱད་ཀྱི་ལོ་རྒྱུས་དང་འབྲེལ་ཏེ་ཆུ་ཅ་སྡེ་བའི་ལོ་རྒྱུས་བརྗོད་ཡོད་པ་དང་། དེ་ནས་ཆུ་ཅ་སྡེ་བའི་ཡུལ་ལྷ་གཞི་བདག་དང་ནང་ཚོ་བའི་མཐུན་སྒྲིལ་སོགས་ཀྱི་སྐོར་ཡང་འདུ་བ་ཞིག་གོ །
- Repgong
- ཡ་ད་ངའི་ལག་གི་དཀར་ཡོལ་འབྲུ་བརྒྱ་འདིའི་དབང་དུ་བཏང་ན།
- འདི་འབུད་ས་མི་མཐོ་འབུད་ས་དམའ་ཡ།
- འབུད་ས་རྒྱ་ནག་ཨ་བརྟེན་ནས་བུད་ནས།
- འདིའི་ཁ་ན་འཁོར་ལོ།
- དགུང་སྔོན་གནམ་ལ་དཔེ་རེ་ལངས་ནས།ཁ་ན་འཁོར་ལོ་རྩེ་བརྒྱད་ཕབ་བས།
- བར་སྣང་ཁམས་ལ་དཔེ་རེ་ལངས་ནས།སྐེད་ལ་བཀྲ་ཤིས་རྟགས་བརྒྱད་ཕབ་བས།
- དག་མོ་ས་ལ་དཔེ་རེ་ལངས་ནས།ཞབས་ལ་བད་མ་འདབ་བརྒྱད་ཕབ་བས།
- ནང་ན་བདུད་རྩི་བསིལ་མ་ཡོད་ཡ།ནང་གི་བདུད་རྩི་བསིལ་མ་འདིའི་དབང་དུ་སོང་ན།
- ས་དག་མོ་རིན་ཆེན་གསེར་བཟང་།
- ས་དག་མོ་རིན་ཆེན་གསེར་བཟང་ནས།འབྲུ་སྣ་ལྔའི་ལོ་ཏོག་ཕྱིང་བ་འཁྲུངས་ནས།
- ཕྱིང་བ་འཁྲུངས་ནས་ཆང་ལ་བསྙལ་ནས།འདི་ལོ་དགུ་བསྙལ་བའི་ལོ་ཆང་ཁམས་པ།
- ཟླ་དགུ་བསྙལ་བའི་ཟླ་ཆང་བསིལ་མ།ཞག་ལ་བསྙལ་བའི་ཞག་ཆང་དྲོན་མོ།
- ཕ་ཨ་ཁུའི་འཐུང་ན་ཞལ་ངོ་དཀར་ར།འདི་སེང་གེ་དཀར་མོའི་འོ་མ་འདྲ་ནོའི།
- སྟག་ཤར་རའི་འཐུང་ན་དཔའ་རྩལ་རྒྱས་ནོ།འདི་རྒྱ་སྟག་དམར་པོའི་འཛུམ་རིག།
- རྒྱ་སྟག་དམར་པོའི་སྙིང་ཁྲག་འདྲེས།དེ་འཐུང་ན་དཔའ་རྩལ་རྒྱས།
- མ་སྲི་མོའི་འཐུང་ན་ཤ་མདངས་དཀར་ར།
- མ་སྲི་མོའི་འཐུང་ན་ཤ་མདངས་དཀར་ནོ།འདི་ཐུལ་དཀར་འབྲི་མོའི་འོ་མ་འདྲེས།
- ཡ་ད་སྐྱིད་ཀི་དམག་གཞས་ཁྱ་ལོ།ཁྱོའི་ཡ་ཁ་གསེར་ལོ་ཡིན་པས་འགྱོག་ཤས་བྱེད་དགོ།
- མ་ཁ་དངུལ་ལོ་ཡིན་པས་སྨད་ཤས་བྱེད་དགོ།
- མུད་དག་གཟུར་དགུ་ཡིན་པས་འདྲེད་ཤས་བྱེད་དགོ།
- རྒྱུ་མ་གཡང་དྲུང་ཡིན་པས་ཁྲིད་ཤེས་བྱེད་དགོ།
- རྩ་ལམ་རིན་ཆེན་ཡིན་པས་གྲམ་ཤེས་བཟོ་བྱེད་དགོ་ནི་རེད་ཟེར་རྒྱུ་གཟིག།
- ཡ་ད་འགྱོག་གི་ཨ་སྔོན་དགུང་གི་འོག་ནས།
- རིན་ཆེན་གསེར་གྱི་ས་གཞིའི་སྟེང་གི།
- སྐྱིད་ཀྱི་མགོ་ར་གྲུ་བཞིའི་ནང་གི།ཡག་གི་གདན་ཁྲ་གྲུ་བཞིའི་སྟེང་གི།
- སྐྱིད་ཀི་དམག་གཞས་ཁྱ་ལོ།སྐྱིད་སྐྱིད་ཀི་མདུད་བརྒྱའི་མདུད་པ་གྲོལ་ལ།
- ལུས་མདའ་སྨྱུག་འདྲ་བོ་དྲང་ལ་ལོངས་ང་།ཞལ་འཛུམ་མདངས་གོ་ལེ་ཕྱིར་ར་འཁོར་དྲ།
- ད་ལུས་མདའ་སྨྱུག་འདྲ་བོའི་སྐེད་པ་ནས།
- ངས་ཁྱོ་དར་མཚོན་སྣ་སྔའི་སྐེ་རགས་ཅིག་བཅིངས།
- དེ་ཟེར་སྐབས་ད་ངའི་དམག་གཅིག་བཟུང་ནས་འདི་ལྟར་བསྡད་ཡོད་ཀྱི་རེད།
- ཡ་ད་ངའི་ཁ་བཏགས་དཀར་པོ་འདིའི་དབང་ཏུ་བཏང་ན།
- ལུག་ཚེར་མོ་བརྒྱ་ཡི་ཁབ་ལ་བླངས་ནས།
- འབྲི་ཐུལ་དཀར་བརྒྱ་ཡི་སྐེད་བ་བླངས་ནས།
- མ་ལྷ་མོ་བརྒྱ་ཡི་ཁེད་སྲོལ་ཡག་གི།
- ཀླུ་མོ་བརྒྱ་ཡི་འདྲེན་སྲོལ་ཡག་གི།
- ཤར་དྲི་ཟ་འོད་མོའི་འཐག་སྲོལ་ཡག་གི།
- འཐག་ཆ་ཉི་ཟླ་ཁ་སྤྲོད་བྱས་ནས།འཐག་བཞག་ནས་རྒྱ་ནག་ལྟེ་མ་བྱས་ནས།
- འདི་རྒྱ་ནག་ལྟེ་མ་སོང་ན་གོང་ཅན་གཟིག་བྱས།
- སྐུ་རྒྱལ་བོད་ལ་ཡོང་ན་མིང་ཅན་གཟིག་བྱས།
- དེ་རིང་བཅིངས་ཀི་ཉི་མ་མདོག་ཅན་གཟིག་བྱས།
- ད་སྐྱིད་ཀི་དམག་གཞས་ཁྱ་ལོ།ཁྱོའི་གཞུག་གི་ལངས་ནས་སྔུན་གྱིས་བལྟས་ཀོ།
- གཞུག་གི་ལངས་ནས་སྔུན་གྱིས་བལྟས་ན།
- འདི་སྒྲོལ་མ་སྔོན་མོའི་སེམས་བདེ་ས་རེད།
- མ་སྲི་མོའི་ཇ་ཆང་འདྲེན་སྲོལ་ཟེར་ར།
- སྔན་ནས་མདུད་པ་གསུམ་རྒྱག་དགོ།
- མདུད་པ་གཅིག་འདི་རྒྱ་ནག་པོའི་སྔོན་གྱི་རྒྱ་མདུད་ཟེར་ར།
- མདུད་པ་གཅིག་འདི་སོག་སེར་རོའི་སྔོན་གྱི་སོག་མདུད་ཟེར་ར།
- མདུད་པ་གཅིག་འདི་བུ་རང་གི་སྐལ་གྱི་ཚེ་མདུད་ཟེར་ར།
- སྔུན་ནས་ལངས་ཏེ་གཞུག་ལ་སྤྲོད་དགོས།
- སྔུན་ནས་ལངས་ངེས་གཞུག་ལ་སྤོད་ན། མ་སྲི་མོའི་མཆོད་ཁ་འཕེན་སྲོལ་ཟེར་ར།
- བུ་དཔའ་བོའི་རལ་གྲི་ཕྱར་སྲོལ་ཟེར་ར།
- དམག་པ་ཁྱོད་ཀྱི་བཅིངས་སྐེགས་ཡིན་ཟེར་རྒྱུ་གཟིག་རེད།
- སྐེ་རགས་བཅིངས་དང་ནི་རེད།སྐེ་རགས་འདི་བཅིངས་ན།
- འདི་ལྟར་ལངས་ནས་ལྟག་ཀ་འགྲོ་རྒྱུ་ཞིག་ཡོད་ནི་མ་རེད།
- ལྟག་ཀ་ནས་ལངས་ཏེ་སྔུན་ལ་ཡོང་དགོས།
- སྔན་ནས་མདུད་པ་གསུམ་རྒྱག་དགོས་ནི་རེད།
- མདུད་པ་གསུམ་བརྒྱབ་ན་ད།
- མདུད་པ་གཅིག་འདི་སོག་སེར་རོའི་སྔོན་གྱི་སོག་མདུད་ཡིན།
- མདུད་པ་གཅིག་འདི་རྒྱ་ནག་པོའི་སྔོན་གྱི་རྒྱ་མདུད་ཡིན།
- མདུད་པ་གཅིག་འདི་བུ་རང་སྐལ་གན་ཀི་ཚེ་མདུད་ཡིན།
- སྔོན་ནས་མདུད་པ་གསུམ་བརྒྱབ་སྟེ།
- ལྟག་ཀ་སོང་ནས་ལྟག་ཀ་ནས་གསེབ་དགོས་ནི་རེད།
- ད་རྒྱུ་མཚན་དེ་འདྲ་ཞིག་རེད་ཡ། ད་ང་གཅིག་ཡོད་ནོ་དེ་རེད་ཡ།