25 Sep 2012
8 min 49 sec
- དེ་རིང་འདི་ནས་རེབ་གོང་ས་ཆ་ཡི་གཏམ་བཤད་ཀྱི་ཚོགས་འདུ་ཞིག་བསྡུ་རྒྱུ་རེད།
- ང་ལ་མཚོན་ན་ཆུང་དུས་ནས་གྲྭ་བ་བཅོས་ནས་དགོན་པ་ནས་ནར་སོན་པའི་རྐྱེན་གྱིས།
- འདིའི་སྐོར་ལ་ཉམས་མྱོང་མེད་པ་དང་གཅིག
- དེའི་ཕན་ཆད་ནས་ཚོགས་འདུ་ལ་སོང་ནས་བགྲོ་གླེང་མ་བྱས་པས།
- དེ་ལ་སོགས་པའི་ཉམས་མྱོང་མེད།
- དེ་རིང་ཚོགས་འདུ་འདི་ལ་ཞུགས་ནས་རྣམ་པ་འདི་ལ་བལྟས་ན།
- ཧ་ཅང་དགའ་བ་ཞིག་རེད།
- ཅི་ཞིག་ལ་དགའ་བ་རེད་ཟེར་ན།
- གཅིག་ནས་ང་རང་གི་ཡུལ་དཔའ་ལུང་ཁ་སྒང་ས་ཆ་ནས་རེད།
- དེ་ལ་མཚོན་ན་གནའ་དེང་མ་ཙོང་ཁ་རྒྱལ་བོའི་ཕོ་བྲང་རེད།
- སྤྱིར་བཏང་དུ་བོད་བཙན་པོ་ཡི་ཕ་ས་ཆེས་གཙོ་བོ་གཅིག་གང་རེད་ཟེར་ན།
- དཔའ་ལུང་ཁ་སྒང་ས་ཆ་སྟེ་ཙོང་ཁའི་ཡུལ་གན་རེད།
- ཁ་སང་དེ་རིང་ཙོང་ཁའི་ཡུལ་ཁམས་འདི་ནས།
- ང་ཚོའི་བོད་ཀྱི་སྲོལ་རྒྱུན་གྱི་སྐོར་ཟེར་ན་ཆོག་གི།
- དེ་ནས་མི་རིགས་འདི་ཉམས་ནས།
- ཁ་སང་དེ་རིང་རྟག་ཆུ་ཆད་པའི་རྫིང་བུ།
- ནགས་ཚལ་གྱི་མར་མེ་བཞིན།
- ཁ་སང་དེ་རིང་གཟིམ་ལ་ཉེ་བ་དང་ཡང་ན་ཆད་ལ་ཉེ་བ།
- འདི་འདྲའི་སྐབས་ཐོག་ཅིག་ལ་ཐོན་ཡོད།
- ཐོན་ཡོད་པས་དེ་རིང་འདིར་ཡོང་ནས།
- ཁྱོད་ཚོས་འདི་འདྲའི་ཚོགས་འདུ་ཞིག་བསྡུ་བཞིན་པ་འདིར་བལྟས་ན།
- ཧ་ཅང་དགའ་སྤྲོ་བ་དེ་འདྲ་ཞིག་རེད།
- ཅི་ཞིག་ལ་དགའ་སྤྲོ་བའི་རྒྱུ་མཚན་གཅིག་གང་རེད་ཟེར་ན།
- དེ་སྔོན་ང་ཚོའི་ཁ་སྒང་ས་ཆར་ལོ་རྒྱུས་ཤིག་འབྲི་དགོས་བྱུང་བ་རེད།
- ལོ་རྒྱུས་ཤིག་འབྲི་དགོས་བྱུང་བས།
- ཁ་སང་དེ་རིང་དཔའ་ལུང་ཁ་སྒང་ས་ཆའི་ལོ་རྒྱུས་གཅིག་ཀྱང་མེད་ཀི།
- མེད་ན་ལོ་རྒྱུས་དེ་འབྲི་ཐབས་མེད་ཀི།
- མེད་པས་ཅི་རེད་ཟེར་ན།
- སྤྱིར་ས་ཆ་འགའ་རུ་མི་ཚང་མ་བློ་མཐུན་བྱུང་ནས།
- ཁ་ཤས་ཤིག་བསྡུས་པ་ཡིན་ལ་ཁ་ཤས་ཤིག་མ་གཏོགས་ཡོད་པ་མ་རེད།
- དེར་སོང་ནས་ལོ་བདུན་ཅུ་བརྒྱད་ཅུ་ཡི་རྒད་པོ་རྣམས་ལ།
- རང་ཉིད་དངོས་སུ་སོང་ནས་ཁོ་ཚོར་བཅར་འདྲི་བྱས་ཏེ།
- ཐོག་དང་པོར་ང་ཚོའི་ས་ཆ་འདི་ན་དགོན་པ་ག་ཚོད་ཡོད་པ་རེད།
- ཚོ་བ་ག་ཚོད་ཡོད་པ་རེད།
- ད་དུང་འདི་ན་ལྷ་སྡེ་ག་ཚོད་ཡོད་པ་རེད།
- སྐབས་ཐོག་དེར་གྲྭ་བ་ག་ཚོད་ཡོད་པ་རེད་ཅེས།
- ཁོ་ཚོ་རེ་རེ་ལ་དྲིས་ན།
- སྤྱིར་ང་ཚོའི་ཁ་སྒང་ས་ཆ་ཡི་སྲོག་རྩ་གང་ན་ཡོད་ཟེར་ན།
- ད་ལྟ་ཁ་སྒང་ས་ཆ་ན་ཡོད་པའི་ལོ་བདུན་ཅུ་བརྒྱད་ཅུ་ཡི་རྒད་པོ་ཚང་མའི་ངག་ཐོག་ཏུ།
- ཁ་སྒང་ས་ཆའི་ལོ་རྒྱུས་རྙེད་པ་རེད།
- དེ་གཞི་བྱས་ནས་ང་རང་གིས་ཁ་སྒང་ས་ཆའི་ལོ་རྒྱུས་འདི།
- ཡར་མར་ནས་བླ་མ་རྣམས་ཀྱི་གསུང་འབུམ་དང་།
- མདོ་སྨད་ཆོས་འབྱུང་ལ་སོགས་པར་བལྟས་ནས་བསྡད་དེ།
- ལོ་རྒྱུས་ཐུང་ཐུང་ཞིག་བྲིས་ནས།
- དེའི་མིང་ལ་ངའི་ཕ་ཡུལ་གྱི་ཆགས་འཇིག་ཅེས་པའི་དཔེ་ཆ་ཞིག་བྲིས་པ་ཡིན།
- སྤྱིར་བཏང་དུ་སྔོན་ལ་སྲིད་པ་རྒན་པོ་ཟེར་བ་ནི།
- བོད་ཀྱི་ཆོས་ལྡན་གྱི་རྒྱལ་བོ་དང་བཙན་པོ་རྣམས་ལ་བཤད་པ་རེད།
- ཁ་སང་དེ་རིང་སྲིད་པ་རྒན་པོ་ཟེར་བ་ནི།
- ཁྱེད་ཚོ་སྟེ་སྐབས་ཐོག་འདིའི་ལོ་བདུན་ཅུ་བརྒྱད་ཅུ་ཅན།
- རྒད་པོ་འདི་རྣམས་སྲིད་པ་རྒན་པོ་ཡིན་པ་རེད།
- འདི་ཡིན་པ་མ་ཟད་ང་ཚོ་བོད་མི་རིགས་ཀྱི།
- ཁ་སང་དེ་རིང་འདས་ཟིན་པའི་ལོ་རྒྱུས་ཀྱི་སྲོག་རྩ་ཁྱེད་ཚོའི་ཐོག་ན་ཡོད་པ་མ་གཏོགས།
- ང་ཚོའི་ས་ཆར་མཚོན་ན་གཅིག་ཀྱང་མེད་པ་དེ་འདྲ་ཞིག་རེད།
- དེ་བས་ཁ་སང་དེ་རིང་རེབ་གོང་ས་ཆར་བལྟས་ན།
- སྡེ་བ་སོ་སོའི་ལོ་རྒྱུས།
- ལྷ་སྡེ་དང་དགོན་པ།
- ཚོ་བ་རེ་རེའི་ལོ་རྒྱུས་ཀྱི་དཔེ་ཆ་བྲག་རི་ལྟ་བུ་ཡོད་ཀི།
- དེར་བལྟས་ན་ཧ་ཅང་ཉམས་དགའ་བ་ཞིག་རེད།
- ཁ་སྒང་ས་ཆའི་ལོ་རྒྱུས་ཐུང་ཐུང་ཞིག་ང་ཚོས་བཤད་ན།
- ཁྱོད་ཚོས་ཉན་འདོད་མེད་ན་ཐང་མོད་མོད་ངེས་པར་དུ་བཤད་དགོས།
- ཅི་ཞིག་རེད་ཟེར་ན་ང་ཚོ་ཁ་སྒང་ས་ཆ་རུ།
- སྔོན་མར་ཚོ་བ་ལ་བུ་རྒྱུད་བཅོ་བརྒྱད།
- སྐྱ་ལམ་ཚོ་ཆེན་བཅོ་བརྒྱད།
- ཁ་སྒང་ཚོ་བ་བཅོ་བརྒྱད་ཅེས།
- འདི་འདྲ་ལ་སོགས་པའི་ཚོ་བ་ཡ་མཚན་ཏག་ཏག་ཡོད་ཀི།
- ཁ་སང་དེ་རིང་ཚོ་བ་ཐམས་ཅད་ཉམས་ནས།
- ད་ལྟ་ཁ་ཤས་ཤིག་ལས།
- སྐབས་ཐོག་འདིར་ཁ་སྒང་ས་ཆའི་ལོ་རྒྱུས་ངས་མི་འབྲི་བ་ཡིན་ན།
- ཁ་སྒང་ས་ཆའི་ལོ་རྒྱུས་འདི་ཚར་སོང་བ་རེད།
- ཁ་སྒང་ས་ཆ་དེར་ལབ་ཙེ་ཅི་འདྲ་ཞིག་ཡོད་པ།
- སྐྱེས་ལྷ་ཅི་འདྲ་ཞིག་ཡོད་པ།
- དགོན་པ་ཅི་འདྲ་ཞིག་ཡོད་པ་དེ་དག་ཐམས་ཅད་མཇུག་བསྡུས་པ་རེད།
- མཇུག་བསྡུས་པ་མ་ཟད་ཁ་སང་དེ་རིང་ཁ་སྒང་ས་ཆའི་ལོ་རྒྱུས་དེར།
- དབྱེ་ཞིབ་མ་བྱས་པའི་སྟབས་ཀྱིས་ཅི་ཞིག་རེད་ཟེར་ན།
- དཔའ་ལུང་གི་ཧེ་ཧེ་དེ་ཚོ་ཚང་མས་བོད་སྐད་བཤད་བཞིན་འདུག
- བོད་ཐམས་ཅད་ཕར་ལ་ཧེ་མགོར་ལོག་པ་རེད་ཅེས།
- རང་གིས་བོད་མི་རིགས་འདི་ལ་དབྱེ་ཞིབ་མ་བྱས་པར་དེ་ལྟར་བཤད་བཞིན་འདུག
- དེ་ཅི་ཞིག་རེད་ཟེར་ན་ཧེ་ཧེ་ཚོས་བོད་སྐད་བཤད་པ་དག་བོད་ཧེ་མགོར་ལོག་པ་རེད་ཅེས།
- དེ་གཏན་ནས་ཡིན་པ་མ་རེད།
- དེ་ན་ཁ་སང་དེ་རིང་གྲོང་ཁྱེར་ནང་གི་བྱིས་པ་ཚོས་བོད་སྐད་མི་ཤེས།
- དེ་ཡིས་ཀྱང་རྒྱ་སྐད་བཤད་པས་རྒྱ་ཡིན་ནམ།
- དེ་རྒྱ་ཡིན་པ་མ་རེད།
- དེ་ན་ཅི་རེད་ཟེར་ན་ང་ཚོའི་ས་ཆ་རུ་ཧ་ང་ཚབས་ཆེ་བ་ཞིག་ཡོད་པ་ནི།
- བོད་མོ་མང་པོ་ཞིག་ཡོང་ནས།
- ལྷ་ས་དང་གཞིས་ཀ་རྩེ་ལ་སོགས་པ།
- ཡུལ་ཤུལ་དང་མགོ་ལོག་ལ་སོགས་པ།
- འབོ་ར་ཨ་མཆོག་ལ་སོགས་པ་ནས་མང་པོ་ཞིག་ཡོང་ནས།
- ཧེ་མགོར་ལོག་ཡོད་པ་ཧ་ཅང་མང་གི།
- དོན་དག་འདི་ཧ་ཅང་ཚབས་ཆེན་ཞིག་རེད།
- དོན་དག་འདི་སུ་ཞིག་གིས་སྒྲུབ་དགོས་པ་རེད།
- དགོན་སྡེ་སོ་སོའི་ཨ་ལགས་ཐམས་ཅད་ཀྱིས་དམངས་ཚོགས་ལ་སློབ་གསོ་བཏང་ནས།
- ང་ཚོ་ཧེ་མགོར་ལོག་མི་ཉན་པ།
- གཅིག་ཡིན་ན་རང་གི་ཆོས་ལུགས་ལ་ཕྱི་ནང་གཉིས་ཀའི་སྟེང་ནས།
- ཕྱི་རོལ་བ་ཡི་ལྟ་བ་ལ་ཞུགས་ནས་དེ་ལྟར་བྱེད་པ།
- གཉིས་ནས་བོད་མི་རིགས་ཀྱི་མི་གྲངས་ཇེ་ཉུང་ལ་འགྲོ་བ།
- གསུམ་ནས་བོད་མི་རིགས་ཀྱི་ཞབས་འདྲེན་བྱེད་པ།
- དེ་དག་ཐམས་ཅད་པོ་དེ་རིང་གི་འདི་ལྟ་བུའི་ཚོགས་འདུའི་སྟེང་ནས།
- རྒད་པོ་བསམ་ཤེས་ཡིན་ན་ཆོག་གི་མཁས་པ་ཡིན་ན་ཆོག་གི།
- ཚང་མས་རང་རང་ས་ནས་འདིའི་སྐོར་འདི་ཁྱབ་བསྒྲགས་བྱས་ནས།
- འདི་ལྟར་བྱེད་མི་ཉན་པ།
- ང་ཚོས་ཀྱང་ལ་རྒྱ་ཞིག་འཛིན་དགོས།
- དཔེ་བཞག་ན་དོན་དག་ཆུང་ཆུང་ཞིག་གི་སྟེང་ནས་བཤད་ན།
- རེབ་གོང་ས་ཆ་འདི་ལ་མཚོན་ན་དེ་རེད།
- ཡར་ན་དགོན་པ་འདི་འདྲ་ལེགས་པོ་ཞིག་ཡོད་པ་རེད།
- མར་གྱི་རྒྱ་སྲིང་ནས་ཟ་ཁང་ཡིན་ན་ཆོག་གི།
- ཡོང་སྒོ་བཙལ་སའི་མགྲོན་ཁང་ཐམས་ཅད་པོ་མི་རིགས་གཞན་གྱིས་བཟུང་ཡོད་པ།
- ཡུལ་སྐོར་བ་ཐམས་ཅད་པོ།
- སློབ་གྲྭར་འགྲོ་བ་དང་བྱིས་པ་ན་གཞོན་ཐམས་ཅད་པོ།
- གང་ལ་བལྟ་རུ་ཡོང་བ་རེད་ཟེར་ན།
- རེབ་གོང་སྒྱུ་རྩལ་དང་རེབ་གོང་རིག་གནས་ལ་བལྟ་རུ་འགྲོ་ཞེས་ཡོང་བའི།
- དེའི་ཡོང་སྒོ་ཐམས་ཅད་པོ་སུས་ལེན་བཞིན་པ་རེད་ཟེར་ན།
- མི་རིགས་གཞན་གྱིས་ལེན་བཞིན་པ་རེད།
- ང་ཚོས་འདི་ལྟར་བལྟས་ན་ཤེས་པ་རེད།
- ང་ཚོ་བོད་ཀྱི་མགྲོན་ཁང་རེབ་གོང་ས་ཆ་ན་དུ་ཡོད།
- ཟ་ཁང་དུ་ཡོད།
- ཁེ་ལས་གཉེར་མཁན་ངར་བ་དུ་ཡོད།
- དེ་དག་ཚང་མས་སྤྱི་ཚོགས་ཀྱི་སྟེང་དུ་ནུས་པ་ག་ཚོད་ཐོན་བཞིན་ཡོད།
- ཟི་ལིང་ནས་ཁ་སང་དེ་རིང་ལ་ཧེ་ཧེ་ཚོས།
- དབྱི་སི་ལན་ཚོགས་པ་ཞེས་དེ་འདྲའི་རྩ་འཛུགས་དང་ཚོགས་པ་བཙུགས་ནས།
- དེ་ཚོས་མཁར་ཤར་ནས་ཡར་ལ་བཟུང་ནས་ཟི་ལིང་གྲོང་ཁྱེར་འཛིན་རྒྱུ་དེ་རེད།
- དེ་རུ་ཞབས་ཞུ་བ་དང་གཡོག་པོ་ཐམས་ཅད་པོ་ང་ཚོ་བོད་རེད།
- དེ་དག་ཐམས་ཅད་ལ་ང་ཚོས་འདང་ཞིག་རྒྱག་དགོས།
- སྐད་ཆ་འདི་གཅིག་གིས་གཅིག་ལ་བཤད་ནས་ཁྱབ་ཁོངས་ཇེ་ཆེར་སོང་ན།
- ད་གཟོད་དོན་དག་ཅི་ཞིག་ཡིན་རུང་གཅིག་གི་སྟེང་ལ་འབབ་ཐུབ།
- དེ་བས་ཅི་ཞིག་རེད་ཟེར་ན།
- ང་ཚོའི་དཔའ་ལུང་ཁ་སྒང་ས་ཆ་འདི་ཡིན་ན་ཆད།
- བ་ཡན་ས་ཆ་འདི་ཐམས་ཅད་པོ་ཁ་སང་དེ་རིང་ཚར་ནས་འགྲོ་བཞིན་པ།
- དེ་དག་ཐམས་ཅད་ཀྱི་ལོ་རྒྱུས་ཀྱི་སྲོག་རྩ་སུ་རེད་ཟེར་ན།
- རྒད་པོ་ཚོའི་འདི་ན་ཡོད་པ།
- དེ་རིང་འདི་ལ་འཚོགས་ཡོད་པ་ཚང་མ་ལོ་ལོན་རྒན་པོ་ཏག་ཏག་རེད།
- ཁྱེད་ཚོའི་སྟེང་དུ་མི་རིགས་ཀྱི་ལས་དབང་ཟེར་ན་ཆོག་གི།
- མི་རིགས་ཀྱི་སྲོག་རྩ་ཞིག་ཁྱེད་ཚོའི་སྟེང་ན་ཡོད་པ་རེད།
- ཁྱེད་ཚོར་མཚོན་ན་མི་རབས་རྗེས་མ་ལ།
- རིན་ཐང་མེད་པའི་རིག་གནས་འདི་མི་རབས་རྗེས་མ་ལ་འཇོག་པ།
- མི་རབས་རྗེས་མ་ལ་འཇོག་རྒྱུ་ང་རང་གི་རེ་བ་ཡིན།
- དེའི་ཕན་ཆད་ནས་གཅིག་ནས་དུས་ཚོད་ཐུང་བ་རེད།
- གཉིས་ནས་ངས་སྔོན་ལ་བཤད་པ་ལྟར་ང་ལ་ཉམས་མྱོང་ཡང་ཆེན་པོ་མེད།
- དུས་ཚོད་ཐུང་ཐུང་འདི་ལ་འདི་འདྲ་ཞིག་བཤད།