Skip to main content Skip to search
17 Apr 2013
24 min 59 sec
Rating
0
No votes yet
Video Overview
Creators: 
Gangri Pumo, Drangchar

བོད་ཀྱི་བུད་མེད་སྙན་ངག་པ་གྲགས་ཅན་པད་མ་འཚོ་འམ་འཆི་མེད་ལགས་ནི་སྤྱི་ལོ ༡༩༦༧ ལོར་མདོ་སྨད་རེབ་གོང་ས་དཀྱིལ་སྡེ་བར་སྐྱེས་པ་དང་། སྤྱི་ལོ ༡༩༨༧ ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས། རེབ་གོང་མི་རིགས་སློབ་འབྲིང་དུ་བོད་ཡིག་དགེ་རྒན་བྱས་པ་དང་། སློབ་ཁྲིད་ཀྱི་ཞོར་གྱི་བོད་ཁུལ་གྱི་དུས་དེབ་སྣ་ཚོགས་སྟེང་དུ་སྙན་རྩོམ་མི་ཉུང་བ་ཞིག་སྤེལ་ཞིང་། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། སྔ་རྗེས་སུ་སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་སོགས་ཐོབ་སྟེ་སྙན་པའི་གྲགས་པ་བོད་ཁམས་ཡོངས་ལ་ཁྱབ། ད་ལྟ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད། བརྩམས་ཆོས་ལ། ཟླ་ངོགས་ཀྱི་དབྱངས་རྟ་དང་། བརྩེ་དུངས་དང་ལས་དབང་། ཁྱེད་ཀྱི་རྐང་རྗེས་སུ་འཁྱིལ་བའི་བདག་གི་རྨི་ལམ། དྲན་ཤེས་དམར་པོ་ཞིག་གི་གསང་བ། སྲོད་དུས་ཀྱི་དྲན་གཞིགས། རྒྱང་རིང་གི་ཁུ་བྱུག ཁྱེད་རང་ཕེབས་པར་དེ་འདྲའི་བྲེལ་དོན་ཅི། ངའི་སེམས་ཀྱི་བདེ་ཆེན་ཉི་ཟླ་རྫོང་། འབྲོག་ཁྱི། ང་ལ་ཁྱེད་རང་ཡོད་པས། མིང་མེད། གཙང་འགྲམ་དུ་ལུས་པའི་ཁེར་རྐྱང་གི་སེམས་པ། སེམས་ཁོང་ནས་ཡལ་བའི་བདག་གི་མེ་ཏོག རྨི་ལམ་ལྟ་བུའི་ལས་འཕྲོ། ང་དང་ངའི་ལས་དབང་། རྒྱང་རིང་གི་སྐར་མ་འོད་ཆེན། དེ་ཁྱེད་རང་ཡིན་ནམ། སྒྲོལ་མ། སྨོན་ལམ། སེམས་ཁོང་གི་ཤམ་བྷ་ལ། ཁྱེད་ད་ལྟ་གང་དུ་མཆིས། གཉོམ་ཞིང་སྙན་པའི་མཇུག་མཐའི་རོལ་དབྱངས། སྤུན་ཆུང་མ་ཞིག་གི་སེམས་གཞས་ཕྲ་མོ། འ་ཇོ་ལགས། ཁྱེད་རང་ལ་མྱུར་མོར་ཕེབས་ཤོག རྒན་གྱའི་ཐང་གི་ཉིན་ཐོ། ཆར་གྱིས་བརླན་པའི་བདག་གི་དྲན་གཞིགས། ཨ་ཅེ་སྣང་ས། དཔྱིད་ཟླ་ཐ་མར། ངས་འདི་ལྟར་དྲན། ངའི་མེ་ཏོག་ཆུང་ཆུང་ཚོ། བཅོ་ལྔའི་དུང་ཟླ། མེ་ཏོག་གངས་ལྷ། རྒྱང་རིང་ལ་བཅངས་པའི་རེ་སྒུག འབྲི་མོ། ཁྱེད་རང་བཞུད་པའི་ལོ་ཟླའི་ནང་། མཐོ་སྒང་གི་རྣམ་ཤེས་སོགས་སྙན་རྩོམ་མི་ཉུང་བ་ཞིག སྦྲང་ཆར་དང་། གངས་རྒྱན་མེ་ཏོག བོད་ཀྱི་རྩོམ་རིག་སྒྱུ་རྩལ། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། གངས་རིའི་བུ་མོ། ཟླ་ཟེར་སོགས་བོད་ཁུལ་གྱི་དུས་དེབ་སྣ་ཚོགས་སྟེང་སྤེལ་མྱོང་ཞིང་། དེའི་ཁྲོད་ཀྱི་བརྩམས་ཆོས་འགའ་རེ་དབྱིན་ཡིག་དང་རྒྱ་ཡིག་ཏུ་བསྒྱུར་འདུག བརྙན་ཐུང་འདི་ནི་བོད་ཀྱི་བུད་མེད་སྙན་ངག་པ་གྲགས་ཅན་རྒན་པད་མ་འཚོ་ལགས་ཀྱིས་སྐབས་དང་པོའི་བོད་ཀྱི་གཞོན་སྐྱེས་བུད་མེད་རྩོམ་པ་པོ་གསོ་སྦྱོང་འཛིན་གྲྭར་གནང་བའི་འཆད་ཁྲིད་ཞིག་ཡིན་ལ། འདི་ལ་ཁྱོན་བསྡོམས་བརྙན་ཐུང་བདུན་ཡོད་པ་དང་། འཆད་ཁྲིད་འདིར་གཙོ་བོར༼ ང་རང་གསར་རྩོམ་ལ་ཞུགས་པའི་གོ་རིམ་དང་མྱོང་ཚོར ༽ཞེས་པ་བརྗོད་སྙིང་དུ་བཟུང་སྟེ། དང་པོ། ཅི་ཞིག་ལ་གསར་རྩོམ་ཟེར་བ་དང་གསར་རྩོམ་ལ་ཞུགས་པའི་གོ་རིམ། གཉིས་པ། གསར་རྩོམ་ལ་ཞུགས་པའི་མྱོང་ཚོར། གསུམ་པ། དེང་དུས་ཀྱི་བོད་མོ་ཚོའི་རྩོམ་རིག་གི་གནས་བབས་ཀྱི་སྐོར། བཞི་པ། ཐུན་མོང་གི་བགྲོ་གླེང་བཅས་ཏེ་ཕྱོགས་གསུམ་དང་བྱ་འགུལ་གཅིག་བཅས་ཀྱིས་མཇུག་བསྡུས་ཡོད། དེ་ཡང་བརྙན་ཐུང་ཁག་གཉིས་པ་འདིར་རྩོམ་པ་པོ་རང་ཉིད་ཀྱིས་ཆེས་ཐོག་མར་དུས་དེབ་སྟེང་སྤེལ་བའི་སྙན་ངག༼བརྩེ་དུངས་དང་ལས་དབང༽ཞེས་པ་བྲིས་པའི་བརྒྱུད་རིམ་དང་ཀུན་སློང་། བྱ་དགའ་ཐོབ་ཚུལ་སོགས་བརྗོད་པ་ཡོད་པ་དང་། དེ་ནས་བཟུང་རང་ཉིད་རྩོམ་དགའ་ཞིག་ཏུ་གྱུར་ཚུལ་དང་བཟའ་ཟླའི་བཀག་རྒྱ་བྱས་ཚུལ། ཐེངས་གཉིས་ལ་བཟའ་ཐོར་བྱས་ཚུལ་སོགས་ཞིབ་པར་སྨྲས་ཏེ་རང་ཉིད་ཉམས་མྱོང་དངོས་སྦ་གསང་མེད་པར་གསོང་བོར་བརྗོད་པ་དང་། བཟའ་ཐོར་བྱས་རྗེས་ཡང་བསྐྱར་རྩོམ་རིག་གི་ལས་ལ་ཞུགས་ཚུལ་སོགས་ཞིབ་མོར་བརྗོད་ཡོད།

Show More