Video Overview
A collection of six songs commonly performed in nomadic communities near Zangkar.
In this video there are seven songs: A Song Among Contesting, Who Has More Songs, Opening Song, Who is the Grinder Song, Answer to Who is the Grinder Song, Three Woods Question Song, Three Woods Answer Songs.
མདོ་སྨད་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆའི་དམངས་གླུའི་སྐོར་ལས་གླུའི་མང་ཉུང་ལྟ་བ་དང་གླུ་སྒོ་ཕྱེ་པ། ལམ་གསུམ་དྲི་བའི་གླུ་དང་དྲིས་ལན་སོགས་གླུ་བདུན།
བརྙན་འདིར་དམངས་གླུ་བརྒྱད་ཡོད་ལ་སོ་སོའི་ཁ་བྱང་ནི།1《གླུ་སུའི་མང་ལྟ་བའི་གླུ།》2《གླུ་སྒོ་ཕྱེ་པའི་གླུ།》3《ལམ་གསུམ་འདྲི་བའི་གླུ།》4《ལམ་གསུམ་སྦྱོར་བའི་གླུ་ལན།》5《སུས་འཐགས་འདྲི་བའི་གླུ།》6《སུས་འཐགས་སྦྱོར་བའི་གླུ་ལན།》7《ཤིང་གསུམ་འདྲི་བའི་གླུ།》8《ཤིང་གསུམ་སྦྱོར་བའི་གླུ་ལན།》
藏族牧民传统的民歌 -比歌量等七首歌,在安多邛溪壤噶地区广为流传。
视频中的有 1《比歌量之歌》2《开场歌》3《问三路之歌》4《回三路之歌》5《问谁磨之歌》6《回谁磨之歌》7《问三木之歌》8《回三木之歌》等八首歌。
- ངའི་གླུ་མགོ་ཨ་སྔོན་དགུང་ན་ཡོད།
- ཟྭ་ལྡེ་མིག་ཕོ་ཁྱུང་སྐེ་ན་ཡོད།
- ཟྭ་དེ་ནས་ལོངས་དང་གླུ་སྒོ་ཕྱེ།
- ངའི་གླུ་སྐེད་ཁྲ་ཡག་རྫ་ན་ཡོད།
- ཟྭ་ལྡེ་མིག་བྲེ་སེར་སྐེ་ན་ཡོད།
- ཟྭ་དེ་ནས་ལོངས་དང་གླུ་སྒོ་ཕྱེ།
- ངའི་གླུ་ཞོལ་དགའ་ལྡན་ནགས་ན་ཡོད།
- ཟྭ་ལྡེ་མིག་དམར་ཡག་སྐེ་ན་ཡོད།
- ཟྭ་དེ་ནས་ལོངས་དང་གླུ་སྒོ་ཕྱེ།
- དགུང་ཨ་སྔོན་དཀྱིལ་ན་ལམ་གསུམ་ཡོད།
- དེ་ལྷ་ལམ་ཡིན་ནམ་བདུད་ལམ་ཡིན།
- རྫ་ཁྲ་ཡག་དཀྱིལ་ན་ལམ་གསུམ་ཡོད།
- དེ་ལྷ་ལམ་ཡིན་ནམ་བདུད་ལམ་ཡིན།
- ཆུ་གཙང་བོའི་དཀྱིལ་ན་ལམ་གསུམ་ཡོད།
- དེ་ལྷ་ལམ་ཡིན་ནམ་བདུད་ལམ་ཡིན།
- དགུང་ཨ་སྔོན་དཀྱིལ་ན་ལམ་གསུམ་ཡོད།
- དེ་ལྷ་ལམ་བདུད་ལམ་གཉིས་ཀ་མིན།
- འབྲུག་ཕོ་ཁྱང་མ་བུ་གཤར་ལམ་རེད།
- རྫ་ཁྲ་ཡག་དཀྱིལ་ན་ལམ་གསུམ་ཡོད།
- དེ་ལྷ་ལམ་བདུད་ལམ་གཉིས་ཀ་མིན།
- འབྲོང་བྲེ་སེར་མ་བུ་གཤར་ལམ་རེད།
- ནགས་དགའ་ལྡན་དཀྱིལ་ན་ལམ་གསུམ་ཡོད།
- དེ་ལྷ་ལམ་བདུད་ལམ་གཉིས་ཀ་མིན།
- སྟག་དམར་ཡག་མ་བུ་གཤར་ལམ་རེད།
- ཤྭ་རི་རྒྱལ་རི་བོའི་རི་མགོ་ན།
- རས་སེར་པོའི་ཁ་ལས་ཡ་ལ་ལ།
- དེ་རྒྱ་འཐགས་ཡིན་ནམ་བོད་འཐགས་ཡིན།
- ཤྭ་རི་རྒྱལ་རི་བོའི་རི་སྐེད་ན།
- རས་དམར་པོའི་ཁ་ལས་ཡ་ལ་ལ།
- དེ་རྒྱ་འཐགས་ཡིན་ནམ་བོད་འཐགས་ཡིན།
- ཤྭ་རི་རྒྱལ་རི་བོའི་རི་ཞོལ་ན།
- རས་སྔོན་པོའི་ཁ་ལས་ཡ་ལ་ལ།
- དེ་རྒྱ་འཐགས་ཡིན་ནམ་བོད་འཐགས་ཡིན།
- ཤྭ་རི་རྒྱལ་རི་བོའི་རི་མགོ་ན།
- རས་སེར་པོའི་ཁ་ལས་ཡ་ལ་ལ།
- དེ་རྒྱ་འཐགས་བོད་འཐགས་གཉིས་ཀ་མིན།
- དབྱར་མགོ་མའི་ཨ་ཤོག་རྐྱང་ཤོག་རེད།
- ཤྭ་རི་རྒྱལ་རི་བོའི་རི་སྐེད་ན།
- རས་དམར་པོའི་ཁ་ལས་ཡ་ལ་ལ།
- དེ་རྒྱ་འཐགས་བོད་འཐགས་གཉིས་ཀ་མིན།
- དབྱར་འབྲིང་པའི་ཨ་དར་ཤེས་དར་རེད།
- ཤྭ་རི་རྒྱལ་རི་བོའི་རི་ཞོལ་ན།
- རས་སྔོན་པོའི་ཁ་ལས་ཡ་ལ་ལ།
- དེ་རྒྱ་འཐགས་བོད་འཐགས་གཉིས་ཀ་མིན།
- སྟོན་མགོ་མའི་ཉི་མ་ལུང་དར་རེད།
- ཤྭ་རི་རྒྱལ་རི་བོའི་རི་མགོ་ན།
- ཤིང་སྟ་རེས་མ་གསེས་ཤིང་གསུམ་ཡོད།
- ཁྱོད་གླུ་བས་བཤད་ན་ཅི་ཞིག་རེད།
- ཤྭ་རི་རྒྱལ་རི་བོའི་རི་སྐེད་ན།
- རྩྭ་ཟོར་བས་མ་འཐུས་རྩྭ་གསུམ་ཡོད།
- ཁྱོད་གླུ་བས་བཤད་ན་ཅི་ཞིག་རེད།
- ཤྭ་རི་རྒྱལ་རི་བོའི་རི་ཞོལ་ན།
- ཆུ་ཐོམ་བུས་མ་བཅུས་ཆུ་གསུམ་ཡོད།
- ཁྱོད་གླུ་བས་བཤད་ན་ཅི་ཞིག་རེད།
- ཤྭ་རི་རྒྱལ་རི་བོའི་རི་མགོ་ན།
- ཤིང་སྟ་རེས་མ་གསེས་ཤིང་གསུམ་ཡོད།
- དེ་ཤྭ་རྭ་སྒོ་རྭ་འབྲོང་རྭ་གསུམ།
- ཤྭ་རི་རྒྱལ་རི་བོའི་རི་སྐེད་ན།
- རྩྭ་ཟོར་བས་མ་འཐུས་རྩྭ་གསུམ་ཡོད།
- དེ་གླ་སྤུ་སྒོ་སྤུ་འབྲོང་སྤུ་གསུམ།
- ཤྭ་རི་རྒྱལ་རི་བོའི་རི་ཞོལ་ན།
- ཆུ་ཐོམ་བུས་མ་བཅུས་ཆུ་གསུམ་ཡོད།
- དེ་ཤྭ་ཁྲག་སྒོ་ཁྲག་གླ་ཁྲག་གསུམ།