25 May 2012
23 min 35 sec
Video Overview
Creators:
Unknown
A speech about Tibetan weddings by Doba.
ཆུ་མ་སྡེ་བའི་རྡོ་འབའི་གཉེན་བཤད།
- ཁྱོད་གཉིས་འདི་ལྟར་ཡོང་ན་ང་རྒད་པོ་ལོ་འདི་འདྲ་ཞིག་ཆེ་བ་རེད།
- ལོ་བདུན་ཅུ་དོན་ལྔ་རེད།
- ད་བར་དུ་སྡེ་མགོ་ཚོ་མགོ་ནས་འགྲོ་ཁ་བྱས་པ་རེད།
- སྡེ་མགོ་ཚོ་མགོ་ནས་སོང་སྟེ་མར་ལ་བཤད་ཁ་ཡང་བྱས།
- མནའ་མ་ཕར་སྐྱེལ་ཚུར་ལེན་ལ་མང་པོ་སོང་བ་རེད།
- ངས་མི་ཐུབ་ཀི་ང་ལ་གནངས་བ་ཞིག་བྱིན་དང་ཞེས་བཤད་ན།
- ངས་ངོ་མས་དེ་ལྟར་བཤད་པ་ཡིན།
- ཐུབ་ཀྱང་མི་ཐུབ།
- སོང་ན་ཅང་བཤད་ཀྱང་མི་ཐུབ།
- ཁྱོད་ཚོས་ང་སྡུག་ལ་གཅིག་མ་གཏོད་ཅེས་བཤད་ནའང་།
- ཡང་ཨ་རྒྱ་རྡོ་འབའ་ལོ་ལོ་ཡིན་ན་མིན་ན་འགྲོ་དགོས་ཞེས་བཤད་ན།
- དེར་སོང་ན་སླ་ས་ཡང་ཡོད་ལ་དཀའ་ས་ཡང་ཡོད་པ་རེད།
- ལ་ལར་སོང་ན་སྡུག་ཡོད་པ་མ་རེད།
- སྟན་བཏིང་ནས་ཇ་སྐོལ་ཏེ་ཡར་ཤོག་ཅེས་བཤད་པ་རེད།
- ལ་ལར་སོང་ན་དཀའ་བ་རེད།
- ཡར་ལ་འགྲོ་རུ་མི་འཇུག
- སྒོ་ནས་འདུག་དགོས་པ་རེད།
- སྒོ་ནས་བསྡད་རྗེས་ཡར་ལ་སོང་ན་ཡང་ལ་ལས་གཤེ་གཤེ་གཏོང་བ་རེད།
- དེ་འདྲ་མང་བ་རེད།
- དེ་དུས་སོག་རུ་ལ་སོང་དུས་ཡར་ནང་ལ་དེ་ལྟར་ཡོང་དུ་མི་འཇུག
- ཡག་པ་ཞིག་ལ་ཨ་ཁུ་ཉི་མའི་བུ་མོ་དེ་ན་ཡོད་པ་རེད།
- དེ་ཚང་གི་ཁྱིམ་ལ་སོང་ནས་བསྡད་དེ།
- དེ་དགུན་ཁ་ཞིག་ཀྱང་ཡིན།
- སྲང་ལམ་ནས་འདུག་དགོས་ན་གྲང་ནས་མི་བཟོད།
- དེ་ནས་བསྡད་དེ་མཚམས་ཤིག་ལ་སྡེ་བ་འཚོག་འདུག་ཟེར།
- སོང་དུས་མི་མང་གི
- མགྲོན་ཁང་ཁང་མིག་བཞི་རེད།
- ནང་དུ་སྐོར་བ་བྱས་ནས་འབོལ་སྟེགས་བཞག་འདུག
- བཀང་བཀང་བོ་ཙོག་འདུག
- ད་དུང་དྲ་མ་གཉིས་ཡོད་ཀི
- དྲ་མ་གཉིས་ཀའི་ནང་ནས་མི་མང་པོས་སྐེ་བསྲིང་ནས་བལྟས་ཏེ།
- སྐེ་བཙུར་བྱས་ནས།
- དྲ་མ་གཉིས་ཀྱི་ནང་ན་མགོ་ཆུད་ཀྱིན་མི་འདུག
- ང་ཚོ་སོང་མ་ཐག་ཏུ་འདུག་ས་སྟེར་གི
- ཚང་མ་ཡར་ལངས་ནས་མགོར་ཕུད་དེ་འདུག་ས་བྱིན་མོད།
- དེར་ཅུང་ཙམ་དཀའ་ལས་ཡོད་ཀི
- རོང་བོ་ཐང་བཞི་འདི་ཅུང་ཙམ་གྲོང་ཁྱེར་ཆེ་ས་རེད།
- ད་དུང་དེའི་མི་རྣམས་ཅི་རེད་ཟེར་ན།
- ཅུང་ཙམ་མཉེས་མཉེས་ཡོད་པ་རེད།
- ང་ཚོ་འདྲ་བོ་མ་རེད།
- དེ་ལས་ང་ཚོ་ཅུང་ཙམ་ཁེར་བུ་རེད།
- དེ་རྣམས་ལ་ཡོན་ཏན་ཡང་ཡོད་པ་རེད།
- དེ་འདྲར་སོང་ན་དཀའ་ལས་ཧ་ཅང་ཆེ།
- དེ་ལྟར་མི་བཞི་བཅུ་ལྔ་བཅུ་འདྲ་ཞིག་འཚོགས་འདུག་ལ།
- ཁྱོད་ཚོ་དེ་རིང་མནའ་མ་སློང་དུ་ཡོང་ན།
- ཁྱོད་ཚོའི་དེ་རིང་གི་རྒྱུ་མཚན་ཅི་ཡིན་གང་ཡིན་མར་ལ་ཁ་བརྡ་བྱོས་ཟེར།
- དེ་ལྟར་བཤད་ན་དངོས་གནས་དཀའ་ལས་ཡོད་ཀི།
- དེ་ལྟར་བཤད་མཁན་ཞིག་ལ་ད་སྔ་དེ་ལས་གཞན་ལ་ཐུག་མ་མྱོང་།
- རྩ་བ་ནས་ཐུག་མ་མྱོང་།
- སོང་ན་བཤད་མི་ཤེས་ནའང་བཤད་དགོས།
- སློང་མི་ཐུབ་ནའང་སློང་དགོས།
- སློང་ཁ་བྱས་པ་རེད།
- ད་ནངས་ནམ་ལངས་ཀྱི་དང་པོ་ཉི་ཤར་གྱི་རྩེ་མོ།
- ས་ནག་པོ་འདོམ་ལ་འཇལ་ནས།
- སྤྲིན་ནག་པོ་ཐོད་ལ་བཟུང་ནས།
- ཨ་ཞང་ཚང་གི་རྒྱ་སྒོ་ནང་དུ་ཐོན་ན།
- གསེར་གྱི་ཡར་གཞག་མགོར་ཁུར་ནས་དངུལ་གྱི་མར་གཞག་ལྡོག་པས་མནན་ནས།
- སྒོ་ཁར་བུད་ནས་གོ་ཁར་ཙོག་ན།
- ཁྱོད་ཨ་ཞང་ཚང་གིས་ཇ་ལག་གཉིས་བྱས་པ།
- གདན་ལག་གཉིས་བྱས་པར་ངོ་མས་བཀའ་དྲིན་ཆེ།
- ང་ལ་སྨྱུག་ཐུང་ཚང་གིས་བསུ་བ་བྱས་པ།
- ལྕགས་གཡུ་བཀང་ཀྱིས་སྒོ་འདེག་བྱས་པ།
- ང་ཀླུ་ཚང་རྒད་པོ་དགའ་བ་ཡིན།
- དེ་རིང་གི་ཡོང་དོན་ཅི་ཡིན་ཟེར་ན།
- དེང་སང་གི་བྱིས་པ་གཉིས་ཀྱིས་སྲིད་ཇུས་དང་མཐུན་པའི།
- རང་རང་གིས་རང་དབང་རང་འཐད་ཀྱི་བཟའ་ཚང་སྒྲིག་པ་འདི་རྩ་ཆེ་བ།
- འདི་ལ་ཁྱེད་ཨ་ཞང་ཚང་ཡིན་ནའང་འདང་རྒྱག་དགོས་ལ།
- ང་གཉེན་ཚང་ཚང་ཡིན་ནའང་འདི་ལ་འདང་བརྒྱབ་ཡོད་པ།
- བྱིས་པ་ཁོ་ཚོས་རང་དབང་རང་འཐད་ཀྱིས་འདི་ལྟར་བཟའ་ཚང་སྒྲིག་ན།
- ང་ཚོ་ཕ་མ་ཡིས་འདི་ལ་མི་སྟེར་ཞེས་བཤད་ན་མི་འགྲིག་པ།
- ང་གཉེན་ཚང་གིས་འདི་མི་ལེན་ཞེས་བཤད་ན་མི་འགྲིག་པ།
- དེ་ངས་མ་བཤད་རུང་ཁྱོད་ཚོ་ཚང་མས་ཤེས་པ་རེད།
- དེ་མི་ཤེས་མཁན་གཅིག་ཀྱང་ཡོད་པ་མ་རེད།
- དེ་བས་འདིའི་འདོད་པ་འདི་དེ་རིང་གཅིག་སྒྲུབ་དགོས།
- འདིའི་འདོད་པ་འདི་དེ་རིང་གཅིག་འགྲུབ་དགོས།
- ཁྱེད་ཚང་གི་བུ་མོ་འདི་དངོས་གནས་རྩ་ཆེན་རེད།
- ཕ་མས་ལོ་བརྒྱད་ནས་བཟུང་སྟེ་སློབ་གྲྭ་བསྐྱལ་ནས་སྙོར་ཏེ།
- འདི་ལ་འགྲོ་སོང་ཅི་འདྲ་ཞིག་བཏང་བ་ཕ་མའི་སེམས་ན་ཡོད་པ་རེད།
- དེ་ལྟར་སྐྱིད་འདི་ཉོས་ནས་བུ་མོའི་ལག་ཏུ་བཞག་འདུག
- འདི་ཟ་རྐྱང་དང་འཐུང་རྐྱང་རེད།
- འདི་འདྲའི་ཚད་ཐུག་ལ་ཕ་མས་སྡུག་མཐོང་ཡོད་པ་རེད།
- འདི་དཀའ་མོ་ཞིག་ཡིན་མོད།
- ཡིན་རུང་དེ་རིང་ཡིན་ན་མིན་ན་བུ་མོ་འདི་ལ་གཡང་ཞིག་ལེན་དགོས།
- སྒམ་ཕྱུག་དགོས།
- ཁྱོད་རོང་བོ་སྡེ་བ་བདུན་པོ་ཟེར་ན།
- དངོས་གནས་རེབ་གོང་ཤོག་ཁ་བཅུ་གཉིས་ཀྱི་ནང་ནས།
- འདི་རི་རབ་འདེག་ན་འཇལ་ཤིང་ཉན་གི།
- འདི་རྒྱ་མཚོ་དཀྲུག་ན་ཐུར་མ་ཉན་གི།
- འདི་རི་རབ་འདྲ་ཞིག་དཔང་མཐོ་བ་རེད།
- འདི་རྒྱ་མཚོ་འདྲ་ཞིག་གཏིང་ཟབ་ཀི།
- རོང་བོ་སྡེ་བ་བདུན་པོ་ཟེར་ན་འདི་རླབས་ཆེན་འཁྲུངས་ས་ཞིག་རེད།
- འདི་དཔོན་ཆེན་སྐྱེས་ས་ཞིག་རེད།
- འདི་དཔའ་བོའི་སྡེ་ཞིག་རེད།
- འདི་ཁེར་པ་ཡི་གྲོང་ཞིག་རེད།
- དེར་བལྟས་ན་ང་ཆུ་མ་དངོས་གནས་ཁ་སྟོད་རེད།
- འདི་འདྲ་ཡིན་པ་མ་རེད།
- ཡིན་མོད་ཁོ་ཚོ་བཟའ་ཚང་ཡིན་ན་ཆད་མག་པའི་ཨ་མ་ཡིན་ན་ཆད།
- སྤུན་རྣམས་ཡིན་ན་ཆད།
- ཚང་མ་འདི་ན་ཁུལ་ཐོག་ན་ཡོད།
- འདི་ཡར་ལ་ཆུ་མར་འགྲོ་བ་ཡང་མ་རེད་ལ།
- ཡོང་དགོས་དོན་ཡང་ཡོད་པ་མ་རེད།
- འདིའི་སྟེང་ནས་དེ་རིང་ཨ་ཞང་ཚང་གིས།
- བུ་མོ་འདི་ལ་གཡང་ཞིག་བླངས་ནས་སྒམ་ཞིག་ཕྱུག་རྒྱུ་ནི།
- ཁྱོད་ཨ་ཞང་ཚང་གིས་སྐུ་མཁྱེན་དང་གསུང་མཁྱེན་ཞེས་བཤད་དེ།
- ཞེས་དེ་ལྟར་བསླངས་པ་རེད།
- སླ་སར་སོང་ན་ངོ་མས་སླ་བ་རེད།
- ད་ལོ་ཡང་བོད་ལོའི་ནང་དུ།
- ཕར་གྱི་གླེབ་གཞུག་ལ་ཁྲིད་ནས་སོང་།
- གླེབ་གཞུག
- འགྲོ་ས་ཞིག་མ་རེད།
- ངས་ཞུ་བ་བྱས་ནས་དེ་ལྟར་མ་བྱེད་ཅེས་བཤད།
- བསེ་དགེ་ཚང་གི་ཡིན་ལ་ཤ་རྒན་ཚང་གིས་ཁྲིད་པ་རེད།
- བསེ་དགེ་ཚང་ན་དེར་འགྲོ་མཁན་མང་བ་རེད།
- དེ་ནས་གཅིག་ཁྲིད་ནས་སོང་།
- ང་འགྲིག་པ་མ་རེད།
- ངས་ཅང་ཐུབ་ཀྱང་མི་ཐུབ་ཅེས་བཤད་རུང་བཀོད་པ་མེད།
- ཁ་པར་བརྒྱབ་ནས་མཚམས་མ་བཞག་པར་ཨ་ཕ་རྡོ་འབའ་ལོ་ལོ།
- ཁྱོད་ལ་བལྟས་ནས་བསྡད་ཡོད་པས་ཁྱོད་རེ་མ་ཤོག་དང་།
- ཨ་རྒྱ་རྡོ་འབའ་ལོ་ལོ་ཞེས་བཤད་དེ་བཀོད་པ་མེད།
- དེར་སོང་བ་ཡིན།
- ལམ་ནས་ང་ལ་ཅིག་བཅོས་བྱུང་།
- གླེབ་གཞུག་ཟེར་བ་ཁྱོད་གཉིས་ཀྱིས་ཀྱང་མི་ཤེས་ན་ཐང་།
- སོང་མྱོང་མེད།
- ལམ་ཧ་ཅང་བཙོག་པ་རེད།
- བཙོག་པས་ཕར་ལ་ཐོན་དུས་ང་མགོ་ཡོམ་འཁོར་ནས།
- རླངས་འཁོར་ནང་ནས་མགོ་ཡོམ་འཁོར་ཏེ་སྐྱུག་བོ་ནས་མ་བཟོད།
- ཡུན་གྱིས་སོང་བ་ན་ཇ་སྐོལ་ནས་བླུད།
- ཚོལ་སྐོལ་ནས་ཚོལ་བླུད།
- དེ་ལྟར་བྱས་རྗེས་ཡུན་གྱིས་ལྷོད་ལ་བབས་བྱུང་།
- དེ་ལྟར་མ་བྱས་པར་སོང་མ་ཐག་ཏུ་ཁ་བརྡ་བྱེད་དགོས་ན་མི་བཟོད་ཀི།
- དེ་ནས་སྡེ་བ་དེ་འཚོགས་ནས་ཕལ་ཆེར་ཉིན་གུང་བར་དུ་བསྡད་བྱུང་།
- བསྡད་ནས་འདུག་པ་དེ་ས་ཆ་དེའི་དཔེ་རེད།
- དེ་ནས་ངས་ཅི་ཡང་བཤད་མ་དགོས།
- ཅི་ཡང་བཤད་མ་དགོས།
- ཁོ་ཚོ་རྒད་པོ་རྣམས་འཚོགས་ནས།
- ཁོང་ཚོའི་ཚོ་བའི་ནང་གི་མི་ཆད་ན་མི་ཆོག་སྟེ་ཚང་མ་ཐོན་དགོས་ཟེར།
- མི་མང་གི།
- ཉི་ཤུ་ལྷག་ཅིག་ཡོད་ཀི།
- དེ་འདྲ་ཞིག་ཀླད་ནས་མར་ལ་གྲལ་སྒྲིག་ནས་བཙོག་སྟེ།
- དེ་ནས་ཁོ་ཚོའི་རྒད་པོ་རྣམས་ཀྱིས་བཤད་བྱུང་།
- མགོ་ནས་བཤད་བྱུང།
- དེ་རིང་ཁྱོད་ཚོ་ཡོང་དོན་ཤེས་ཡོད།
- འདི་ལྟར་ངེད་ཚང་གི་བུ་མོ་བུད་སོང་བ་རེད།
- འདིའི་དོན་དུ་ཁྱོད་ཚོ་ཡོང་བ་རེད།
- ཡིན་ཡང་བུ་མོ་འདི་གནས་ལ་མི་སྟེར།
- འདི་ཅིའི་ཕྱིར་མི་སྟེར་ཟེར་ན་ཁྱིམ་ཚང་འདི་ལ་བུ་གཅིག་དང་བུ་མོ་གཅིག་མ་གཏོགས་མེད།
- བུ་དང་བུ་མོ་གཉིས་ཁྱིམ་ཚང་འདིའི་ས་འཛིན་ཡིན།
- འདི་མི་ལྷག་མི་ལ་སྟེར་རྒྱུ་མེད།
- ཤ་ལྷག་ཁྱི་ལ་འཕེན་རྒྱུ་མེད།
- ཁྱོད་ཚོས་སྡུག་ལན་ཆགས་ཤིག་བླངས་མོད།
- ཁྱོད་ཚོས་སྡུག་ལན་ཆགས་ཀྱིས་སེམས་མི་ཉན།
- དོ་དགོང་བུ་མོ་ཕྱིར་ཁྲིད་ནས་ཤོག
- བུ་མོ་ཕྱིར་ཁྲིད་ནས་ཡོང་ན་ང་ཚོ་ཚང་མས་ཁ་བརྡ་བྱེད།
- ཁ་བརྡ་བྱས་ན་བུ་མོས་མོ་ལ་གནམ་ཆུ་མ་གཏོགས་སྨན་མེད།
- དུར་ཁྲོད་མ་གཏོགས་གནས་མེད།
- མོ་ཡིན་ན་མིན་ན་ཆུ་མའི་ཁོག་ལ་འགྲོ་རྒྱུ་ཟེར་ན་འུ་ཚོས་ཡང་བསྐྱར་གྲོས་བྱེད་ཅེས་དེ་ལྟར་བཤད།
- གཅིག་གིས་ཀྱང་དེ་ལྟར་བཤད་ལ་གཉིས་ཀྱིས་ཀྱང་དེ་ལྟར་བཤད།
- གསུམ་གྱིས་ཀྱང་དེ་ལྟར་བཤད།
- ཁོ་ཚོ་ཚིག་གཅིག་རེད།
- མགོ་ན་མི་གཅིག་པ་ཡོད་ནའང་རྔ་མའི་བསྡོམས་དེ་གཅིག་རེད།
- གསུམ་གྱིས་བཤད་རྗེས་ཁྱོད་ཚོས་ཅི་བསམ་ཟེར།
- དེ་ནས་ངས་བཤད་དགོས་བྱུང་།
- ངས་མ་བཤད་ན་གཞན་ཚོ་གསར་བུ་ཏག་ཏག་རེད།
- བཤད་པ་མིན་ལ་ཨ་རོད་ཀྱང་ཟེར་ཐུབ་པ་མ་རེད།
- དེ་ནས་ངས་དེ་ལྟར་བཤད།
- ཨ་ཞང་ཚང་གིས་ཅི་བཤད་ན་དེ་ལྟར་བྱ་དགོས།
- དེ་ཨ་ཞང་ཚང་གི་ཅི་བཤད་ཀྱི་བཀའ་དང་ཡང་བཤད་ཀྱི་ཐུགས་ཡིན་མོད།
- ཨ་ཞང་ལོ་ལོ་དེ་རིང་ཁྱོད་ཀྱིས་འདང་ཞིག་རྒྱོབ་དང་།
- བུ་མོ་ཕྱིར་སྤྲོད་དགོས་པ་ཡང་བདེན་གི།
- དེ་སྤྲོད་རྒྱུའི་དཔེ་ཁྱོད་ཚོའི་འདི་ལ་དར་ལ་ང་ཚོར་ཡང་དར་མྱོང་།
- དེ་གཅིག་གིས་མི་ཚད་གཉིས་ཀྱང་སྤྲོད་དགོས་ལ།
- གཉིས་ཀྱིས་མི་ཚད་གསུམ་ལ་ཡང་སྤྲོད་དགོས།
- སྤྲོད་དགོས་མོད་དེ་རིང་གནངས་ཀ་འདི་སྟབས་བདེ་བ་རེད།
- དེ་རིང་ཁྱོད་ཚོས་འདི་ནས་བྱིས་པ་ལ་ཁ་པར་བརྒྱབ་ན།
- བུ་མོ་དང་ཁྱོད་ཚོས་དེ་རིང་འདི་ནས་ཁ་བརྡ་ཅི་ལྟར་བྱས་ནའང་ཆོག
- སྤྲད་པ་དང་མཚུངས།
- ང་ཚོའི་སྡུག་སྐྱོན་མི་འདུག
- གཅིག་གིས་མི་ཚད་གཉིས་ཡོང་དགོས་ནའང་སྐྱོན་མེད་མོད།
- བུ་མོ་ལ་ཡང་སྡུག་མང་གི
- ཨ་ཞང་ལོ་ལོ།
- ཁྱོད་ཚོས་དེ་ལྟར་མ་བྱེད།
- ཁྱོད་ཚོས་ཁ་པར་ནང་ནས་གཅིག་གིས་གཅིག་ལ་ཁ་བརྡ་ཞིག་བྱོས།
- བུ་མོ་ལ་གཅིག་དྲིས།
- ཞེས་བཤད་རྗེས་ཁྱོད་ཚོ་སྒོར་གཅིག་སོང་དང་ཟེར།
- སྒོར་གཅིག་སོང་དང་ང་ཚོས་གྲོས་བྱེད་ཟེར།
- ཡ་ཞེས་བཤད་དེ་ང་ཚོ་སྒོར་སོང་།
- སྒོར་སོང་ནས་ཅུང་ཙམ་ལ་བསྡད་རྗེས་བོས་བྱུང་།
- ཤོག་ཟེར།
- དེ་ནས་ཕྱིར་སོང་།
- སོང་དུས་གྲོས་བྱས་འདུག
- རྒད་པོ་ཁྱོད་གཅིག་ན་ལོ་ཆེ་བ་རེད།
- གཉིས་ན་ཁྱོད་ཀྱིས་རེ་བ་ཞིག་བཤད་པ་རེད།
- ཁྱོད་ཀྱི་རེ་བའི་སྟེང་དུ་འཇོག་དགོས་རྒྱུ་རེད།
- ཁྱོད་ཀྱི་རེ་བའི་ཐོག་ལ་བཞག་ཡོད།
- ང་ཚོས་བུ་མོ་ལ་ཁ་བརྡ་བྱས་པ་ཡིན།
- ང་ཚོས་བུ་མོ་སྟེར་རྒྱུ་བྱེད།
- ཁྱོད་ཚོས་ཀྱང་ཡོད་པ་ཁྱེར་ཤོག་ཟེར།
- དེ་ནས་ང་ཚོས་སློང་སྤྱད་ཚང་མ་ཁོ་ཚོས་སྔུན་ལ་བཞག་ནས།
- སློང་སྤྱད་ང་ཚོའི་དེ་འདྲ་མི་ཆེ་བ་རེད།
- སྐྱོན་མེད་ཀི།
- སློང་སྤྱད་དེ་དག་ཁོ་ཚོའི་སྔུན་ལ་བཤམ་ནས་།
- ཟུར་ན་ལུག་ཤ་ཤ་ཁོག་ཅིག་ཡོད།
- དེ་གྲོས་བྱེད་སྤྱད་རེད།
- དེ་ཟུར་ནས་བཞག་སྟེ།
- དངོས་ཨོ་གཞན་དེ་དག་ཁྱེར་ཡོང་ནས་སྔུན་ལ་བཞག་ནས།
- དེ་ལྟར་བྱས་རྗེས་ཆང་བླུགས་ནས་མཆོད་ཁ་འཕངས་ཏེ།
- ཁྱོད་ཚོས་མཆོད་ཁ་རྩིས་ཟེར།
- ང་ཚོས་མཆོད་ཁ་རྩིས་ཤེས་པ་མ་རེད་ཅེས་བཤད་པ་ཡིན།
- དངོས་གནས་ཤེས་པའང་མ་རེད།
- མཆོད་ཁ་རྩིས་མ་མྱོང་བས་ཁོ་ཚོས་མཆོད་ཁ་རྩིས་བྱུང་།
- སྟོད་དབུས་གཙང་དང་སྨད་རྒྱ་ནག
- མདོ་ཁམས་སྒང་དྲུག་དང་བཅས་པ།
- ངོ་མས་ང་ཚོ་ཡ་མཚར་དུ་བཅུག
- དེ་འདྲ་དགོས་པ་རེད།
- བྱང་ནས་འདུག་ལ་འབྲོག་པ་རེད།
- ཡར་གྱི་ཁ་སྟོད་རེད།
- ཡ་མཚན་ཞིག་རེད།
- དེ་རྩིས་རྗེས་མཆོད་ཁ་འཕངས་བྱུང་།
- མཆོད་ཁ་འཕངས་རྗེས་བུ་མོ་བྱིན་ཏེ་སྡུག་ཅིག་མེད་ཀི།
- ཆེན་པོ་ཞིག་བཤད་ཀྱང་མི་དགོས།
- སྡུག་མེད་ཚུལ་བཤད་པ་དང་མེད་སར་སོང་ན།
- དེར་དཀའ་ལས་ཆེན་པོ་མེད་ཀི།
- དེའི་སྟེང་ནས་བཤད་རྒྱུ་མེད་ཀི།
- ལུག་ཤ་ཤ་ཁོག་དེ་ཡིས་ང་ཚོས་གྲོས་བྱེད་དགོས།
- བུ་མོ་འདི་ནམ་སྐྱེལ་རྒྱུ་ཡིན་པ་དེར་གྲོས་བྱེད་དགོས།
- དེ་ནམ་སྐྱེལ་དགོས་པ་དང་ཅི་ཞིག་བྱེད་དགོས་པ་རང་གིས་བཤད་དགོས།
- གཉེན་ཚང་གིས།
- ཨ་ཞང་ཚང་ལ་རྩ་བ་ནས་ལས་ཀ་མེད་ཟེར།
- ཁྱོད་རང་ཚོས་ནམ་ལེན་པ་དང་།
- སྟོན་མོ་ནམ་བྱེད་ཐུབ་པ་དང་།
- རང་ཚོས་གྲོས་བྱས་ནས་ཉི་མ་སྐར་མ་རང་ཚོས་ཐག་གིས་ཆོད་ཟེར།
- ཕར་གྱི་ཨ་ཞང་ཚང་ལ་ཆང་དང་ཤ།
- དུ་བ་ལ་སོགས་ཅི་ཡང་ཁྱེར་མི་དགོས།
- དེ་ནས་ང་ཚོ་སློང་མཁན་རྣམས་ཀྱིས་གྲོས་བྱས་ནས།
- བོད་ལོ་བཅོ་ལྔ་འམ་བོད་ལོ་ནང་ཞིག་ཡིན།
- བོད་ལོའི་ཅ་བཅུ་ཞིག་ཡིན།
- བོད་ལོ་བཅོ་ལྔའི་ཉིན་སྟོན་མོ་བྱེད་རྒྱུ་བྱས་ནས་དེ་ལྟར་བྱས།
- དེ་བས་སྡུག་མེད་ཀི།
- ཨ་ཞང་མང་གི།
- ཨ་ཞང་བཅུ་ཐམ་པ་ཡོད་ཀི།
- ཨ་ཞང་བཅུ་ཐམ་པ་བོ་ཞག་འདུག་རེད།
- ཞག་འདུག་བྱེད་མཁན་ཨ་ཞང་བཅུ་ཐམ་པ་ཡོད་ཀི།
- དེར་སྡུག་མེད་པར་སླ་མོ་རེད།
- དེ་དུས་ཤིག་ལ་གླང་བརྒྱ་ལ་གཅིག་སློང་དུ་སོང་།
- ཡང་ཕར་གྱི་བསེ་དགེ་ཚང་གི་གཅིག་གིས་བཤད་དེ།
- དཀའ་ལས་ཡོད་ཀི།
- ཧ་ཅང་དཀའ་ལས་ཡོད་ཀི།
- བུ་མོ་མི་སྟེར་བ་རེད།
- ངས་ཞུ་བ་བྱས་ནས་ཨ་ཞང་ལོ་ལོ་བུ་དང་བུ་མོ་གཉིས་ཀྱི་འདོད་པ་སྒྲུབ།
- ཞེས་བཤད་ནས་ཕར་ལ་ཞུ་བ་བྱས་མོད་བཀོད་པ་མེད་ཀི
- སྡུག་ཧ་ཅང་གིས་ལྗིད།
- དེ་ལྟར་སླ་མོ་བྱས་ནས་མི་སྟེར།
- རྔ་མར་ནངས་མོ་མར་ལ་ཐོན་དུས་ཉི་རྩེ་ཐང་ལ་བརྒྱབ་ཡོད་པ་རེད།
- ཉི་མ་གུང་བར་དུ་ལན་མི་སྟེར།
- ཡར་ནང་ལའང་ཡོང་དུ་མི་འཇུག
- སྒོ་ནས་འདུག་དགོས།
- སྒོ་ནས་བསྡད་པ་ཡིན་ལ་ཁྱིམ་ཚང་ལ་འགྲོ་ས་མེད།
- སྒོ་ནས་བསྡད་པ་རེད།
- སྒོ་ནས་བསྡད་རྗེས་ཉིན་གུང་ཙམ་ལ་ནང་དུ་ཤོག་ཟེར།
- སོང་དུས་ཇ་སྐོལ་ནས་སྟན་བཏིང་ནས།
- ཡང་དེའི་རང་བཞིན་དེ་རེད།
- ཡང་བུ་མོ་ཁྱོད་ཚོས་སློང་དང་།
- སྔུན་ན་ཁོ་ཚོས་ཚུར་ལ་བཤད་ན་སྡུག་མེད་ཀི།
- དེར་ཕྱིར་འཁོར་ནས་ཨ་ཞང་ལགས་སོ་ཞེས་ལན་བཏབ་ན།
- སྔོན་ལ་ཁྱོད་ཚོས་བུ་མོ་སློང་ཞེས་བཤད་ན་དཀའ་ལས་ཡོད་ཀི།
- ཡང་དཀའ་ལས་ཧ་ཅང་གིས་ཡོད།
- ཡང་གཅིག་སློང་དགོས་པ་རེད།
- ཡང་བཤད་མི་ཤེས་ནའང་འབད་པ་བྱེད་དགོས།
- བསླང་ནའང་རང་བཞིན་དེའི་རང་བཞིན་དེ་རེད།
- གླང་བརྒྱ་ཅི་རེད་ཟེར་ན།
- ཆུ་མ་གླང་བརྒྱ་ཀོའུ་སྡེ་གསུམ་པོ།
- རེབ་གོང་ཁོག་གི་བཙན་སྡེ་གསུམ་པོ་ཞེས།
- ང་ཚོར་དེ་འདྲའི་ཁ་དཔེ་ཞིག་ཡོད།
- དེར་གཞུང་ཡང་སྒྲུབ་བཞིན་འདུག
- ཤ་རིང་ཆུ་མ་གཉིས་ཀྱི་གྱོད་ཀྱི་ནང་དུའང་གླང་བརྒྱ་ང་ཚོར་གྱོད་འདྲི་ལ་ཐོན་བྱུང་།
- དེ་ཐོན་རྒྱུ་ཡང་རེད།
- དང་པོ་མཉམ་ལས་ཁང་ཡིན་དེས་ཁོ་ཚོས་རྐང་བརྩེག་གསེར་སྐལ་ལ་མ་འགྲིག་པ་རེད།
- རྐང་བརྩེག་གསེར་སྐལ་ལ་མ་འགྲིག་པས་ང་ཚོ་གྱོད་འདྲི་ལ་སོང་།
- ང་ཚོ་མི་བཅོ་ལྔ་ཡོད་པ་འདྲ།
- ང་ཚོ་མི་བཅོ་ལྔ་བོ་ཡིས་ས་ཁུལ་གྱི་ལག་སྐྱོར་འཁོར་ལོ་སྐོར་ནས་གྱོད་འདྲི་ལ་སོང་།
- གླང་ཚང་གྲམ་པ་ཡི་ཟམ་པའི་ཕ་རོལ་ནས་ངལ་གསོ་བྱས་ཏེ།
- ཅི་ཞིག་བྱེད་དགོས་པ་དང་གང་ཞིག་བྱེད་དགོས་པ།
- ང་ཚོ་སོང་ནས་ཅི་ཞིག་བཤད་རྒྱུ་དང་གང་ཞིག་བཤད་རྒྱུ།
- དེ་དུས་ང་ཡང་ལོ་ཆུང་རྒྱུ་རེད།
- དེ་སྔ་བ་རེད།
- ལོ་ཉི་ཤུའི་ནང་ངམ་ཆེས་མང་ན་སུམ་ཅུ་ཡིན་རྒྱུ་རེད།
- དེ་མ་གཏོགས་སུམ་ཅུ་ལྷག་ཅིག་ཡིན་རྒྱུ་མ་རེད།
- སུམ་ཅུའི་སྟོད་ཅིག་ཡིན་ས་འགྲོ་བ་མ་རེད།
- ང་ཚོས་གྲོས་བྱས་པ་དང་སྒ་རུ་ཡི་ཨ་ཁུ་ཆོས་དར་ཆེས་རྒན་པ་དེ་རེད།
- ཆེས་ཆེ་བ་ཁྱོད་ཡིན་པས་ཁྱོད་ཀྱིས་གཅིག་ཤོད།
- དེ་ནས་ཨ་ཁུ་ཁོ་རང་གིས་ཀྱིས་མི་ཐུབ།
- ཁོས་བཤད་རྒྱུ་ཟེར་མི་ཉན།
- ཁོས་བཤད་ཐུབ་པ་མ་རེད་ཟེར།
- དེ་ནས་ང་ལ་ཁྱོད་ཀྱིས་ཤོད་ཟེར།
- ངས་མི་ཐུབ་པས་ཆེ་བ་རྣམས་ཀྱིས་ཤོད།
- ངས་བཤད་མི་ཐུབ་ལ་བཤད་མི་ཤེས་ཞེས་བཤད་རུང།
- དེ་ནས་ཨ་ཕ་ན་རག་ལ་ཁྱོད་ཀྱིས་ཤོད་ཟེར།
- ཞེས་ཁོའི་གཉའ་ལ་བཙན་གྱིས་བཞག་བྱུང་།
- ཁོས་ཡ་ཞེས་བཤད།
- ཨ་ཕ་ན་རག་གི་རྗེས་ནས་ང་ལ་ཡིན་ན་མིན་ན་ཁྱོད་ཀྱིས་ཤོད་ཟེར།
- བཙན་གྱིས་ངའི་གཉའ་ལ་བབས་པ་རེད།
- དེ་ནས་ཡང་ངས་གཅིག་བཤད་ཁ་བྱས།
- ཨ་ཁུ་ཆོས་དར་གྱིས་ཁ་གྲགས་མ་ཐུབ།
- ཨ་ཕ་ན་རག་གིས་ཀྱང་དེ་འདྲ་བཤད་མི་ཐུབ།
- བཤད་མི་ཐུབ་པ་རེད།
- ང་ཡང་མིང་གིས་བཟུང་ཡོད་པས་ངས་གཅིག་བཤད་ཁ་བྱས།
- གླང་བརྒྱ་དང་ཆུ་མ་ལ་འདི་ལྟར་རྒྱུགས་རྒྱུ་ཡོད་སྲོལ།
- འདི་རང་བཞིན་གྱི་སྡེ་བ་ཞིག་ལ་གཤིབ་ན་མི་ཆོག་པ།
- ང་སྡེ་བརྒྱད་ཚོ་དགུ་ཁྱོད་ཚོའི་སྲོག་གི་བསྐྱལ་ཡ་རེད་ཟེར་བ་མེད་ལ།
- འཕུར་བའི་གཤོག་པ་རེད་ཟེར་བ་མེད་མོད།
- ཁྱོད་ཚོར་ཅི་ཞིག་གི་རེ་བ་དང་བཀོད་པ་ཡོད་ན།
- དེ་ཁྱོད་ཚོས་དེ་རིང་ཕྱིར་འཛིན་མི་དགོས།
- ང་སྡེ་བརྒྱད་ཚོ་དགུ་ལ་མི་གྲངས་ཉུང་རུང་ངེས་ཅན་ཞིག་ཐོན་ཡོད།
- ཁྱོད་གླང་བརྒྱ་དུ་ཚང་སུམ་བརྒྱ་ལ་ཅི་ཞིག་གི་བསམ་འཆར་ཡོད་ན།
- དེའི་སྟེང་ནས་ང་ཚོར་བཀོད་པ་རྒྱོབ་དང་ང་ཚོས་ཁུར་ངེས་ཡིན།
- ང་ཚོས་འབད་པ་བྱེད་ངེས་ཡིན།
- དེ་ལྟར་བྱེད་པའི་བསམ་པ་ང་ཚོར་ཡོད།
- གླང་བརྒྱ་དུ་ཚང་སུམ་བརྒྱ་ཟེར་ན།
- འདི་རི་རབ་འདྲ་ཞིག་དཔང་མཐོ།
- འདི་རྒྱ་མཚོ་འདྲ་ཞིག་གཏིང་ཟབ་ཀི།
- འདི་དགུང་ཨ་སྔོན་འདེག་གི་ཀ་བ་ཉན་ན།
- འདི་ས་དོག་མོ་གནོན་པའི་གཏེར་ལ་ཉན་ན།
- འདི་གོར་གོར་བྱས་ན་དཀྱིལ་ན་ཡོད་པ་ཞིག་རེད།
- འདི་བཤར་བཤར་བྱས་ན་མགོ་ན་ཡོད་པ་ཞིག་རེད།
- འདི་རྟ་མཆོག་སྣ་ལྔའི་ནང་གི་མདོག་ཅན་ཞིག་རེད།
- འདི་འབྲུ་རྫ་སྣ་ལྔའི་ནང་གུ་རིས་རིས་ཤིག་རེད།
- འདི་གོས་ཆེན་དམར་པོ་དྲུད་ཤུལ་ཞིག་རེད།
- འདི་བྱུ་རུ་དམར་པོ་ཐོར་ཤུལ་ཞིག་རེད།
- འདི་ཆུང་ཆུང་ཞིག་མ་རེད་ཅེས་ཁོ་ཚོར་བསྟོད་དགོས།
- ཁོ་ཚོ་བཙན་པོ་ཡིན་ཚུལ་བཤད་དགོས།
- དེ་ལྟར་ངས་གཅིག་བཤད་ཁ་བྱས་པས་ཧ་ཅང་ལེགས་སོང་།
- རྗེས་ནས་ཨ་ཁུ་བླ་མ་ཚེ་རིང་ལ་གང་ནས་ཐུག་ན་ལག་མགོར་འཇུ་བ་རེད།
- ཁྱོད་ལ་བྱིས་པ་ཨེ་ཡོད་ཅེས་ང་ལ་འདྲི་བ་རེད།
- དེ་དུས་ཧ་ཅང་ལེགས་སོང་།
- དེ་བས་དེ་འདྲར་སོང་ན་དཀའ་ལས་ཡོད་སའང་ཡོད་ལ་མེད་སའང་ཡོད།
- སླ་ས་ཡང་ཡོད་ལ་མི་སླ་ས་ཡང་ཡོད།
- རང་གི་ནང་ར་དཀྱིལ་གསུམ་འདི་ལ་སོང་ན་སླ་བ་རེད།
- མཆོད་ཁ་ཞིག་འཕངས་ནས།
- དེ་ནས་གཞན་ཆེན་པོ་ཞིག་བཤད་རྒྱུ་མེད་ལ་བཤད་ཀྱང་མི་དགོས།
- ངའི་རྒྱུ་མཚན་ཁྱོད་ལ་གསལ་ལ་ཁྱོད་ཀྱི་རྒྱུ་མཚན་ང་ལ་གསལ།
- ཕྱི་རུ་སྡེ་ལ་སོང་ན་འདི་ལ་བལྟ་མཁན་དང་ཉན་མཁན་མང་གི།
- དེར་སོང་ན་དངོས་གནས་དཀའ་ལས་ཡོད་ཀི།
- དེ་རིང་འདི་ལྟར་ཉི་མ་བཟང་བོ་སྐར་མ་བཟང་བོ།
- ཁྱེད་ཚང་གིས་དེ་རིང་གཉེན་འགྲུབ་སོང་།
- བུ་མོ་སྐྱེལ་བ་རེད།
- འདིའི་སྟེང་ནས་དེ་རིང་རྒན་རྒོན་གཉིས་འདིར་ཤོག
- ཁྱོད་འབྲུག་བྷ་འདིར་ཤོག
- བཟའ་ཚང་ཚང་མ་འདིར་ཤོག
- ང་ཨ་ཞང་ཚང་ལ་ཆེན་པོ་ཞིག་བཤད་རྒྱུ་མེད།
- ང་ཚོ་ཚང་མ་སྡེ་བ་གཅིག་གི་རེད།
- ཨ་ཞང་ཚང་གི་རྒྱུ་མཚན་ཁྱེད་ཚང་ལ་གསལ།
- གཉེན་ཚང་ཚང་གི་རྒྱུ་མཚན་ངེད་ཚང་ལ་གསལ།
- འདི་ན་ཆེན་པོ་ཞིག་བཤད་རྒྱུ་མེད་མོད།
- ངའི་ཕ་ཨ་ཁུའི་སྐྱེས་རབས་བཤད་ན་ང་དེ་རིང་རྨོངས་བྱུང་།
- ངའི་མ་སྲུ་མོའི་སྐྱེས་རབས་བཤད་ན་ང་དེ་རིང་ལྟོག་གི
- འདི་དངོས་གནས་ཅི་རེད་ཟེར་ན།
- སྔོན་ཆད་ང་སྙིང་འབུམ་ཐར་ཟེར་ན་ངར་བ་ཞིག་མིན་མོད།
- ང་འདི་སྡེ་བརྒྱད་ཚོ་དགུའི་ནང་ནས་དམག་ཆེན་འཚོགས་ན་དམག་སྣ་འདྲེན་མཁན་ཞིག་ཡིན།
- འདི་གླང་ཆེན་སྨྱོན་པ་རིག་ན་ལྷམ་མི་ཕུད་པ་ཞིག་རེད།
- འདི་ཤཀྱ་ཐུབ་པ་རིག་ན་ཞྭ་མི་ཕུད་པ་ཞིག་རེད།
- དེ་རིང་གནངས་ཀ་ངའི་ཕ་ཤུལ་བུ་ཡིས་སུར་གིན་མེད།
- ང་གཡག་ཤུལ་ཀོ་བ་ཡིས་འདང་གིན་མེད།
- འདི་ཁྱོད་ཚོས་རྣ་ལ་འགྲོ་ན་ཐང་ལ་མི་འགྲོ་ནའང་ཐང་།
- ཡིན་ཡང་ང་སྙིང་འབུམ་ཐར་ཟེར་ན་ང་རྟ་མཆོག་ནང་གི་མདོག་ཅན་ཞིག་ཡིན།
- ང་འདི་འབྲུ་རྫ་སྣ་ལྔའི་ནང་གི་རིས་རིས་ཤིག་ཡིན།
- ང་འདི་སྟག་འཕྲད་ཀྱིས་རྒྱུགས་ན་ཐོང་གའི་འཛིན་མཁན་ཞིག་ཡིན།
- ང་འདི་འབྲོང་ཐུར་ལ་རྒྱུགས་ན་རྭ་གའི་འཛིན་མཁན་ཞིག་ཡིན།
- ཁྱོད་ཚོ་ཚང་མ་ལ་ངས་དེ་རིང་འདི་བཤད་པ་ཡིན།
- དེ་དངོས་གནས་ཡིན་པ་རེད།
- མར་གྱི་སྙིང་འབུམ་ཐར་ཟེར་བའི་ངར་བ་ཞིག་སྐྱེས་པ་རེད།
- ང་གནམ་སྔོན་པོ་ལ་སྐྲག་པ་ལས་འཇིག་རྟེན་ན་སྐྲག་ས་ཞིག་མེད་ཅེས་བཤད་པ་རེད།
- འདིའི་ལྕགས་ཕྱུག་ནང་ཟེར་བ་དེ་ཁྱོད་གཉིས་ཀྱིས་ཤེས་སམ།
- གན་ན་ཁོ་ཚང་ལ་ཞང་མང་བ་རེད།
- གན་ལ་་སྒ་རུ་ཡོང་ནས་ཞང་ཐོག་ནས་ཤོག་ལྔ་རེ་ལྔ་རེ།
- ཞང་ཆེ་ན་ཆུང་ན་དེ་སྔོན་ཆད་ཀྱི་དཔེ་རེད།
- ཤོག་ལྔ་རེ་ལྔ་རེ་བོ་ཞང་ཁ་ནས་ཁྱེར་འགྲོ།
- ཁོས་ཁོ་ཚང་ལ་པུ་ར་ཞིག་ཡོད་པ་དེ།
- ངས་ཤེས་དུས་ད་དུང་ཡོད།
- བོའུ་ཁུར་ནས་སོང་སྟེ་རི་དེའི་ཉག་ཀའི་ནང་ནས་སྒ་རུ་ལ་བོས་པ་རེད།
- ང་དེ་རིང་ཞང་ཕྱུག་ནང་ལ་ཞང་འབྲེག་ཏུ་ཡོང་ཡོད།
- ཁྱོད་ཚོ་དེ་རིང་ཤོག་ལེན་དུ་ཤོག
- དགོས་ན་ཤོག་ཅེས་བཤད་པར།
- དེ་རིང་ཀློའུ་རྒན་འདིས་ཡག་པོ་བྱེད་རྒྱུ་མ་རེད་བསྐྱུར་དང་ཞེས་བཤད་དེ།
- དེ་ནས་བཟུང་སྟེ་ཤོག་ཁྱེར་རྒྱུ་དེ་ཆད་སོང་ཟེར་བ་རེད།
- ཤོག་ཁུར་རྒྱུ་མེད་ཟེར་བ་རེད།
- རྒད་པོ་དེ་དེ་འདྲའི་མི་གླེན་པ་དཔའ་བོ་ཞིག་ཡིན་པ་རེད།
- དེ་དུས་ཁོ་ཚང་གི་ཁྱིམ་ཚང་ཡང་ངར་བ་རེད།
- ཁོ་ལ་བུ་ལྔ་ཡོད་པ་རེད།
- ཁོ་ལ་སྲིང་མོ་བཞི་ཡོད།
- ཁྱིམ་ཚང་ཡང་ཧ་ཅང་ངར་བ་རེད།
- ཁྱིམ་ཚང་དེའི་སྔ་བ་སྐྱེས་དྲག་ན་རྗེས་མ་ཤི་མི་ཐུབ་ཟེར་བ་བཞིན།
- དེ་རིང་གནངས་ཀ་ཁྱིམ་ཚང་ཕྲ་བ་ཕྲ་ཉག་འདི་འདྲ་ཞིག་གི་མཚམས་ལ་ལྷུང་ཡོད།
- དེ་བས་ངས་དེ་ལྟར་ལབ་བརྒྱབ་པ་ཡིན།
- རེད་ལ།
- འདིའི་སྐྱེས་ཚུལ་དང་དར་ཚུལ།
- འདི་ཅུང་ཙམ་ངར་ཚུལ།
- ཞེས་ཅུང་ཙམ་ལབ་བརྒྱབ་པ་ཡིན།
- ལབ་བརྒྱབ་ནའང་ངའི་དེར་ཅིག་གིས་ཁས་རྒྱག་ཐུབ་པ་མ་རེད།
- དེ་ལོ་ལོན་ཞིག་ལ་དྲིས་ན་ཕལ་ཆེར་ངོ་མ་ཡིན་པ་རེད།
- དེ་འདྲ་རེད།
- དེ་ནས་གཞན་བུ་མོ་བཅོལ་གདམ་བྱས་ན་བཤད་ཡོད་པ་མ་རེད།
- ཁྱབ་ཁྱབ་ཅིག་བྱས་ནས་བཞག
- ཁྱབ་ཁྱབ་བོ་ཅི་ལྟར་བཤད་པ་རེད།
- ཨ་་་ཁྱབ་ཁྱབ་བོ་ཅི་ལྟར་བཤད་པ་རེད།
- ཅིག་གིས་བཤད་པ་བཞིན།
- མ་ལ་བདེ་བ་དང་བུ་ལ་བྱམས་པ་ཞིག་བྱས་ནས།
- ཕར་ཚུལ་གཉིས་ལ་མཐུན་པ་ཞིག་བྱས་ནས་བཞག་ཡོད།
- སྔོན་ཆད་སྤྱི་ཚོགས་རྙིང་བར་མནའ་མ་ཧ་ཅང་སྡུག
- མནའ་མ་འདི་ཧ་ཅང་སྡུག
- ཁྱིམ་ཚང་གི་གླ་བ་རེད།
- དེ་རིང་གནངས་ཀ་དེ་འདྲ་མ་རེད།
- དེ་རིང་གནངས་ཀ་མནའ་མ་ཚོ་ཡར་ལ་བཞག་ནས་མནའ་མ་ཚོར་འདི་བྱས་ནས།
- མི་གཅིག་པ་ཞིག་རེད།
- དེ་ཅི་རེད་ཟེར་ན་འགྱུར་སོང་བ་རེད།
- འགྱུར་སོང་བ་རེད།
- ང་ཚོའི་རིང་ལ་མནའ་མ་ཚོ་སྡུག་པ་རེད།
- གོན་པ་ཞིག་བཅའ་ཡང་མི་བཅའ་ལ་བཅོས་རུང་གོན་པར་སྐྲག
- གོན་ཡང་མི་ཉན།
- གོན་པ་བཅའ་མཁན་ཡང་ཡོད་པ་མ་རེད།
- གང་ནས་བཅའ།
- དེང་སང་ཁྱིམ་ལ་ཡོང་མ་ཐག་ཏུ་གསེར་ནག་གི་རྣ་ལུང་ཉོ་བ་དང་།
- འཕྲུལ་རྟ་ཉོ་བ་དང།
- དེར་འདི་བྱས་ས་ཡག་པོ་བྱེད་བཞིན་འདུག
- མནའ་མར་བཟང་ན་ཡག་པོ་རེད།
- ད་བར་གྱི་འདི་བཟང་གི།
- ངའི་བློ་ལ་འདི་འབབ་ཀི།
- སྤྱི་ཚོགས་རྙིང་བར་གླ་བ་ཁོ་ཐག་རེད།
- དེ་འདྲ་ཡིན་ན་དེ་རིང་གནངས་ཀ་མནའ་མ་རྣམས་ཀྱིས།
- དེ་རིང་ཐོན་ན་དེ་རིང་ནས་བཟུང་ཕ་མ་ལ་ཅི་ལྟར་བརྩི་བཀུར་བྱེད་དགོས་པ་དང་།
- ཅི་ལྟར་སྐྱོང་དགོས་པ་བཤད་མ་དགོས་པར་ཤེས་འདུག
- དེར་སྡུག་ཅིག་ཡོད་པ་མ་རེད།
- ཁྱེད་ཚང་གི་བུ་མོ་ཡིན་ན་ཁྱིམ་ཚང་འདི་ནས་འབད་པ་བྱེད་དགོས།
- མགོ་སྒུར་སྒུར་དང་སོ་དམ་དམ་བྱེད་དགོས།
- ཟས་ཞིམ་པོ་ཡོད་ན་ཕ་མར་སྟེར་དགོས།
- ཚིག་དྲོན་མོ་ཞིག་ཡོད་ན་ཕ་མར་བཤད་དགོས།
- ཡུན་རིང་བོར་བཟའ་ཚང་ལ་བཟང་དགོས།
- རུ་གཡས་གཡོན་ལ་བཟང་དགོས།
- དེ་ལྟར་ཁ་བརྡ་ཞིག་བྱས་ནས་འགྲོ་རྒྱུ་དེ་རེད།
- དེ་མིན་དེ་རིང་གནངས་ཀ་ངེད་ཚང་གི་བུ་མོ་འདི་ལ་ཞེས།
- སྔོན་ཆད་ངེད་ཚང་གི་བུ་མོ་འདི་ལ་བཟང་དགོས་དང་གཅེས་དགོས་ཞེས་བཤད་པ་རེད།
- དེ་རིང་གནངས་ཀ་དེ་བཤད་མི་དགོས།
- སྐད་ཆ་དེ་ད་ལྟ་མི་དགོས།
- མནའ་མ་རྣམས་ལ་གཅེས་རྒྱུ་མང་མེད་ན་ཉུང་མེད་ཀི།
- སྔོན་ཆད་དང་བསྡུར་ན།
- དེང་སང་གི་མིས་དེ་ཤེས་རྒྱུ་མ་རེད།
- རྩ་བ་ནས་ཤེས་རྒྱུ་མ་རེད།
- མནའ་མ་རྣམས་སྔོན་ཆད་ནས་བཟུང་འདི་འདྲ་ཞིག་ལོས་ཡིན་བསམ་རྒྱུ་རེད།
- གལ་ཏེ་རྩོད་པ་བྱས་ནས།
- ངེད་ཚང་གི་བུ་མོ་འདི་འདྲ་ཞིག་ཡིན་ཞེས་བཤད་ན།
- ངར་ཚུལ།
- ངར་བ་ཞིག་ཡིན་ཚུལ།
- བཤད་རྒྱུ་ཡོད་དམ།
- དེར་ཡང་ཡོད་པ་རེད།
- བསྟོད་ཤེས་མཁན་ཞིག་དང་བཤད་ཤེས་མཁན་ཞིག་གིས་བཤད་རྒྱུ་ན།
- རང་བཞིན་གྱིས་དེ་དར་ནའང་མི་ཆོག་ལ་བཤད་ནའང་མི་ཆོད།
- དེར་ཡང་ཅུང་ཙམ་ཚད་ཅིག་དགོས།
- ཚད་མེད་པར་བཤད་ནའང་འགྲིག་པ་མ་རེད།
- རང་ལ་ཚད་ཡོད་པ་ཞིག་གིས།
- བརྙན་འཕྲིན་ནང་ན་ཅི་འདྲ་སྟོད་བཞིན་པ།
- ཕལ་ཆེར་དེ་འདྲའི་ཚད་ཀྱང་ཡོད་རྒྱུ་རེད།
- དེ་རིང་ང་ཨ་ཞང་ཚང་སྔ་མོ་ནས་ལམ་ལ་ཆས།
- ངས་དེ་རིང་འདི་ནས་ཁ་བརྡ་ཞིག་བྱེད།
- ཁ་བརྡ་ཆེན་པོ་ཞིག་མི་བྱེད།
- ང་ཚོ་ནང་ར་དཀྱིལ་གསུམ་གཅིག་རེད།
- དེར་ཁ་བརྡ་ཆེན་པོ་ཞིག་མི་དགོས།
- དེ་རིང་རྟེན་འབྲེལ་གྱི་ཉིན་མོ་སྟེ་རྒྱ་ལོ་བཅུ་གསུམ་ཉིན་ལ་ཁྱེད་ཚང་གི་སྟོན་མོ་རེད།
- སྟོན་མོ་བཟང་གི་སྟོན་མོ་ཡག་གི།
- ང་ཨ་ཞང་ཚང་དེ་རིང་ཁྱེད་ཚང་གིས་བསུས་པ་དང་བཀུར་བར་བཀའ་དྲིན་ལྷ་རིམ་ཆེ།
- འ་ཨ་ཞང་ཚང་དེ་རིང་དགའ་བ་ཡིན་སྤྲོ་བ་ཡིན།
- རྗེས་ནས་བུ་མོ་འདི་ཁྱིམ་ཚང་འདིའི་ཁྱིམ་བདག་རྒན་མོར་གྱུར་བར་སྨོན་ལམ་འདེབས།
- འདི་དངོས་གནས་མདའ་འཕང་བ་བྲག་ལ་ཟུག་ནས།
- ལོ་བཏབ་པར་འབྲས་བུ་བྱུང་ནས།
- འདི་གཟུགས་ཆེན་གྱེན་ལ་སྐྱེས་ནས།
- འདི་གཟུགས་མེད་མཐའ་ལ་འདལ་ནས།
- འདིའི་རིང་འདིར་བྱ་བ་ཐམས་ཅད་པོ་འགྲུབ་དགོས།
- ས་འོག་གཏེར་གྱིས་བཀང་ནས་ས་ཁ་རྒྱུ་ཡིས་བཀང་ནས།
- དེ་བས་བུ་མོ་འདི་ཁྱིམ་ཚང་འདིའི་རྒན་མོར་གྱུར་བའི་སྨོན་ལམ་འདེབས་ཟེར་རྒྱུ་དེ་རེད།