Skip to main content Skip to search
20 Feb 2014
26 min 14 sec
Video Overview
Creators: 
Unknown

ཤིང་བརྐོས་ལག་རྩལ་ནི་བོད་ཡུལ་དུ་དར་ཤིན་ཏུ་སྔ་བར་བཤད་པ་དང་། ཆེས་ཐོག་མའི་ཤིང་བརྐོས་ལག་རྩལ་ནི་གདོད་མའི་དུས་ཀྱི་མི་རྣམས་ཀྱིས་ཤིང་གི་ལག་ཆ་བཟོ་བ་ནས་མགོ་བརྩམས་ཤིང་། རིམ་བཞིན་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ལག་ཆའི་སྣ་ཕུན་སུམ་ཇེ་ཚོགས་སུ་གྱུར་བ་དང་། ཤིང་བརྐོས་ལག་རྩལ་ལ་ཡང་རིམ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་། བོད་དུ་སངས་རྒྱས་ཆོས་ལུགས་དར་བ་དང་མཉམ་དུ་ཤིང་གིས་སྐུ་དང་མཆོད་རྟེན་སོགས་བཟོ་བའི་སྲོལ་དར་བ་དང་། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་གར་ནས་ཙན་དན་ཇོ་བོའི་སྐུ་བོད་དུ་གདན་དྲངས་པ་དང་། དེ་ལ་བརྟེན་ནས་རྗེས་སུ་བོད་ཀྱི་སྐུ་དྲག་དང་བླ་དཔོན་རྣམས་ཀྱིས་སངས་རྒྱས་ཆོས་ལ་མོས་པ་ཆེན་པོ་བྱེད་པ་མཚོན་སླད། རྒྱ་གར་ལྷོ་ཕྱོགས་དང་ཉེ་འབྲེལ་གྱི་ཚ་བའི་ཁུལ་ནས་ཙནྡན་མང་པོ་ཉོས་ཏེ་བོད་དུ་གདན་དྲངས་པ་དང་། ཙནྡན་གྱི་རྒྱུ་ཆ་དེ་དག་སྤྱད་ནས་སངས་རྒྱས་ཀྱི་སྐུ་དང་རིང་བསྲེལ་སོགས་འཇོག་བྱེད་ཀྱི་མཆོད་རྟེན་དང་རྟེན་སྒམ་མང་པོ་བཟོས་པ་རེད། དེ་བཞིན་སངས་རྒྱས་ཆོས་ལུགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་སྐུ་གསུང་ཐུགས་རྟེན་རྣམས་བཞུགས་སའི་ལྷ་ཁང་མང་པོ་བཞེངས་སྐྲུན་བྱས་པ་དང་། བཙན་པོའི་དུས་སྐབས་སུ་བཞེངས་པར་གྲགས་པའི་ལྷ་སའི་གཙུག་ལག་ཁང་རྣམ་གཉིས་དང་ཕོ་བྲང་པོ་ཏ་ལ་སོགས་ནི་ང་ཚོའི་མིག་མཐོང་ལག་ཟིན་ཏུ་གྱུར་པའི་བོད་ཀྱི་ཤིང་བརྐོས་སྒྱུ་རྩལ་གྱི་ཕུང་བོ་གལ་ཆེན་ཞིག་ཡིན། དེ་ཡང་ཕག་གྲུ་སྲིད་གཞུང་གི་སྐབས་སུ་བོད་ཡུལ་དུ་ཤིང་དཔར་བརྐོ་བའི་ལག་རྩལ་དར་བ་དང་། རྒྱ་ནག་མིང་རྒྱལ་རབས་ཀྱི་རྒྱལ་པོས་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་གཉིས་ཤིང་དཔར་དུ་བརྐོས་པ་ནས་བཟུང་། བོད་ཀྱི་བླ་དཔོན་རྣམས་ཀྱིས་ཀྱང་རང་ས་ནས་རྒྱུ་དངོས་འབོར་ཆེན་བཏང་སྟེ་བཀའ་བསྟན་གཉིས་ཀྱི་ཤིང་དཔར་མང་དུ་བརྐོས་ཏེ་ད་ལྟ་ང་ཚོའི་མཐོང་ཡུལ་དུ་གྱུར་བའི་སྣར་ཐང་པར་མ་དང་སྡེ་དགེའི་པར་མ། ཞོལ་པར་མ། ཅོ་ནེའི་པར་མ། ར་རྒྱའི་པར་མ། བཀྲས་ལྷུན་པར་མ་སོགས་བཀའ་བསྟན་གཉིས་ལ་ཤིང་དཔར་པར་གཞི་མི་འདྲ་བ་མང་པོ་ཞིག་བྱུང་ངོ་། །ཤིང་དཔར་ལག་རྩལ་ཡང་ཤིང་བརྐོས་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་དང་། ཤིང་དཔར་དར་བ་ནས་བཟུང་རྒྱུན་མཁོའི་རི་མོ་སྣ་ཚོགས་དང་སཱཙྪ་སོགས་དཔར་བྱེད་ཀྱི་ཤིང་དཔར་མང་པོ་ཞིག་བྱུང་སྟེ་བོད་ཀྱི་ཤིང་བརྐོས་ལ་སྒྱུ་རྩལ་ལ་སྔ་ན་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་། ཁམས་ཕྱོགས་སྡེ་དགེ་ས་ཆའི་ཤིང་བརྐོས་སྒྱུ་རྩལ་ལ་མཚོན་ན། བོད་སྔ་རབས་ཀྱི་ཤིང་བརྐོས་སྒྱུ་རྩལ་གྱི་སྲོལ་རྒྱུན་མང་པོ་ཞིག་རྒྱུད་འཛིན་བྱས་ཡོད་པ་དང་། ས་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཀྱང་གྲུབ་ཡོད། བརྙན་ཐུང་འདིར་ཁམས་ཕྱོགས་སྡེ་དགེའི་ཡུལ་གྱི་རྫོང་སར་དགོན་པས་གཙོ་སྒྲུབ་བྱས་པའི་ཤིང་བརྐོས་ཚན་ཁག་ཞིག་གི་ལོ་རྒྱུས་ཞིབ་རྒྱས་སུ་བཀོད་ཡོད་པ་དང་། ཤིང་བརྐོས་སྒྱུ་རྩལ་བ་སྐོར་ཞིག་ལ་དེ་འབྲེལ་གྱི་བཅར་འདྲི་ཡང་བྱས་ཡོད།