Skip to main content Skip to search
31 Dec 2013
12 min 15 sec
Video Overview
Creators: 
Unknown

བོད་ཡུལ་དུ་གསེར་བཟོའི་ལག་རྩལ་དར་ཤིན་ཏུ་སྔ་བར་བཤད་པ་དང་། བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་བོད་རྒྱལ་པུ་དེ་གུང་རྒྱལ་སྐབས་སུ་ལྕགས་རིགས་བཞུ་བཏུལ་བྱས་པའི་ལོ་རྒྱུས་བཀོད་ཡོད། ཡང་ལ་ལས་བོད་ཀྱི་ཟངས་བཟོའི་ལག་རྩལ་ནི་དེ་ལས་ཀྱང་སྔ་བར་བཤད་པ་དང་། བོད་ཀྱི་ས་ཁུལ་སོ་སོ་ནས་རྙེད་པའི་དམངས་ཁྲོད་ཀྱི་ཐོག་ལྕགས་རྣམས་ལ་ལོ་ངོ་གསུམ་སྟོང་བཞི་སྟོང་ཡན་གྱི་ལོ་རྒྱུས་ཡོད་པར་བཤད་པས། གང་ལྟར་བོད་མི་རྣམས་ཀྱིས་གསེར་དངུལ་ཟངས་ལྕགས་སོགས་བཞུ་བཏུལ་བྱས་པས་ལོ་རྒྱུས་ཤིན་ཏུ་སྔ་བར་འདོད། འཛམ་གླིང་གི་ཡུལ་གྲུ་གཞན་དག་དང་འདྲ་བར་བོད་མི་རྣམས་ཀྱིས་གསེར་གྱི་རྒྱན་ཆ་དང་ཡོ་བྱད་ལ་བརྩི་མཐོང་ཆེན་པོ་བྱེད་པ་དང་། བུད་མེད་རྣམས་ཀྱིས་གསེར་གྱི་མཛུབ་དཀྲིས་གྱོན་ན་ཟས་ལྷ་འཁོར་བར་བཤད་པ་དང་། གཏམ་དཔེར་ལ་ཡང་། ཕོ་རྣ་གཡུ་ཅན་ལ་དགྲ་ལྷ་འཁོར། མ་གསེར་དཀྲིས་ཅན་ལ་ཟས་ལྷ་འཁོར་ཞེས་བཤད། གཞན་ཡང་བོད་མི་རྣམས་ཀྱིས་རང་གི་ལྷག་པའི་ལྷ་དང་དཀོན་མཆོག་གསུམ་ལ་མཆོད་འབུལ་གྱི་ཚུལ་དུ་གསེར་རྐོང་དུ་མཆོད་མེ་འབུལ་བ་དང་། གསེར་གྱི་དབུ་རྒྱན་སྤྲོད་པ། གསེར་སྐུ་བཞེངས་པ། གསེར་གྱི་མཆོད་རྟེན་བཞེངས་པ་སོགས་བྱེད་པ་རེད། བོད་ཡུལ་དུ་གསེར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། མི་རིགས་གཞན་གྱི་ལོ་རྒྱུས་སོགས་སུ་བོད་ཡུལ་ནས་གསེར་ལུག་མགོ་ཙམ་རྙེད་ཐུབ་པར་བྱེད་པ་དང་། སྔོན་གྱི་ལོ་ཙཱ་བ་དང་བཙན་པོའི་ཕོ་ཉ་རྣམས་ཀྱིས་གསེར་གྱི་སྐྱེས་མང་པོ་བསྣམས་ཏེ་ཡུལ་གཞན་ལ་ཆོས་སྦྱོང་དུ་སོང་བ་དང་གཉེན་གྱི་འབྲེལ་བ་འཛུགས་ཏུ་ཕྱིན་པ་སོགས་ལོ་རྒྱུས་ཡིག་ཆ་མང་པོ་ལས་མཐོང་ཐུབ། དེ་བས། བོད་ཀྱི་ས་ཁུལ་སོ་སོའི་གསེར་བཟོའི་ལག་རྩལ་ལ་རང་རང་གི་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་དང་། ཁམས་སྡེ་དགེའི་ཕྱོགས་ཀྱི་རྫོང་སར་ས་ཆའི་གསེར་མགར་གྱི་ལག་རྩལ་ད་ལྟའི་བར་དུ་རྒྱུན་ཆད་མྱོང་མེད་པ་དང་། དེ་ལ་རང་གི་ཐུན་མིན་གྱི་བཞུ་བཏུལ་དང་། རྡུང་བ། དཀྲོལ་ཚགས་རྒྱགས་ཚུལ། ལུགས་སུ་བླུགས་ཚུལ། གསེར་ཆུ་བྱུགས་ཚུལ་སོགས་ཁྱད་པར་ཅན་ཤིན་ཏུ་མང་པོ་ཡོད། བརྙན་ཐུང་འདིར་ཁམས་ཕྱོགས་སྡེ་དགེའི་ཡུལ་གྱི་རྫོང་སར་ས་ཆའི་གསེར་མགར་ལག་རྩལ་གྱི་གོ་རིམ་རྣམས་རིམ་པར་ཡོད་པ་དང་། གསེར་མགར་ལག་རྩལ་པ་རྣམས་ལ་ཁ་བརྡའི་ཚུལ་དུ་གསེར་མགར་ལག་རྩལ་གྱི་བརྒྱུད་རིམ་དང་ལོ་རྒྱུས་སོགས་ལ་འབྲེལ་བའི་ཤེས་བྱ་མང་པོའི་ཐད་བཅར་འདྲི་ཡང་བྱས་ཡོད། ང་ཚོས་བརྙན་ཐུང་འདི་བརྒྱུད་ནས་རྫོང་སར་ཡུལ་གྱི་གསེར་མགར་ལག་རྩལ་ལ་རྒྱུས་ལོན་དང་ལག་རྩལ་པའི་དཔལ་འབྱོར་ཡོང་སྒོ་སོགས་ལ་རྒྱུས་ལོན་གསལ་བོ་ཞིག་བྱེད་ཐུབ་བོ། །