Skip to main content Skip to search
16 Apr 2013
24 min 59 sec
Video Overview
Creators: 
Unknown

བརྙན་ཐུང་འདིར་གསང་སྒྲོག་སྐུ་ཕྲེང་བདུན་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་གསང་སྒྲོག་དགོན་གྱི་ལོ་རྒྱུས་གསུངས་ཡོད་ལ། དེ་ཡང་གསང་སྒྲོག་དགོན་པ་ནི་དང་པོ་ས་སྐྱ་ནས་མཆེད་ཅིང་། གཡེར་གཤོང་ཆོས་པ་རིན་པོ་ཆེ་རྗེ་འཇམ་དབྱངས་བློ་གྲོས་ཀྱིས་དགོན་གནས་ད་ལྟའི་གནས་འདིར་སྤོར་བ་དང་། གཡེར་གཤོང་སྐུ་ཕྲེང་གསུམ་པ་རྗེ་ངག་དབང་དགེ་འདུན་ཟླ་གྲགས་དང་གསང་སྒྲོག་སྐུ་ཕྲེང་རིམ་བྱོན་གྱིས་རིམ་པར་བསྐྱངས་པ་རེད། གནས་འདི་ནི་ཆོས་དུང་དཀར་པོའི་དབྱིབས་སུ་ཡོད་པ་དང་ད་ལྟའི་དགོན་པ་ནི་དུང་དཀར་གྱི་ཁོག་ཏུ་ཆགས་ཡོད་པས་གནས་ཁྱད་པར་ཅན་ཡིན་པ་དང་། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ཡང་གནས་འདིར་འཇིགས་བྱེད་ཀྱི་བསྙེན་མཚམས་ལ་བཞུགས་པ་དང་སྐུ་ཕྲེང་རིམ་བྱོན་གནས་འདིར་ཡུན་རིང་བཞུགས་མྱོང་བ་རེད། ཡང་འཇུ་ཚང་གིས་ཞྭ་དམར་པཎྜིཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་གནས་འདིར་གདན་འདྲེན་བྱས་ཏེ་ཐུགས་རྗེ་ཆེན་པོའི་དབང་ཆེན་གསུངས་པ་དང་། གཞན་ཡང་ཀོའུ་བ་རིན་པོ་ཆེ་སོགས་བླ་ཆེན་མང་པོ་འདིར་ཕེབས་ཏེ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཚུལ་གསུངས་ཡོད། དགོན་པའི་མཚན་ཐོགས་ཚུལ་གྱི་ཆ་ནས་དང་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་བྱ་ཁྱུང་གི་གནས་འཚོལ་དུ་འགྲོ་སྐབས་གནས་འདིར་སྔོན་གྱི་དགོན་རྙིང་ཞིག་ཡོད་པ་དང་གནས་འདི་ནི་གསང་སྔགས་ཀྱི་ཆོས་སྒྲ་སྒྲོག་ས་ཡིན་པར་ལུང་བསྟན་པས། གནས་ཀྱི་མིང་ལ་གསང་སྒྲོག་ཅེས་ཐོགས་པ་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ལྷུང་བཟེད་དགོན་འདིའི་རྟེན་ཁྲོད་དུ་བཞུགས་མོད། རིག་གསར་གྱི་སྐབས་སུ་ལྷུང་བཟེད་བཅག་པ་དང་ཆག་རོ་ད་ལྟའི་བྱམས་ཆེན་གྱི་གཟུངས་གཞུག་ཏུ་ཡོད་ཚུལ་གསུངས་ཡོད། ལོ་རྒྱུས་ཀྱི་ཆ་ནས་དགོན་པ་འདི་ནི་མདོ་སྨད་ཕྱོགས་ཀྱི་དགོན་པ་སྔ་ཤོས་ཀྱི་གྲས་ཡིན་པས། ཆོས་སྤྱོད་ཕྱག་ལེན་གྱི་ཁྲོད་དུ་ས་སྐྱ་པའི་རྗེས་ཤུལ་མངོན་པར་གསལ་བ་དང་། དགོན་པ་ཆུང་ཡང་ནང་ཆེན་ལྔ་ལྷག་ཡོད་ལ་ད་ལྟ་ཡང་ནང་ཆེན་སོ་སོའི་བླ་མ་རྣམས་འདིར་ཕེབས་ཏེ་རྒྱུན་བཞུགས་གནང་གི་ཡོད། སྔགས་གསར་རྙིང་གཉིས་ལ་ཁྱད་མེད་དུ་ཉམས་ལེན་བྱེད་བཞིན་ཡོད་ལ། འདིར་བཞུགས་པའི་དགེ་འདུན་པ་རྣམས་ཀྱང་ཚུལ་ཁྲིམས་སྲུང་བ་དང་སློབ་གཉེར་ལ་ཤིན་ཏུ་མཉེས་པས། དགེ་འདུན་པ་སྐོར་ཞིག་བོད་ཁུལ་གྱི་ཆོས་གྲྭ་ཆེན་པོ་རྣམས་སུ་སློབ་གཉེར་དུ་ཕེབས་ཡོད་པ་དང་། དེ་རྣམས་ཀྱི་ཁྲོད་དགེ་བཤེས་ལྷ་རམས་པ་དྲུག་ཡོད་པར་གསུངས། དགོན་པ་འདིའི་སློབ་གཉེར་གྱི་འཕེལ་རྒྱས་ལ་གཞིགས་ཏེ་དགེ་རྒན་གྲགས་ཅན་གསུམ་གདན་འདྲེན་བྱས་ཡོད་པ་དང་། རྗེས་མར་ལམ་རིམ་སློབ་གཉེར་གླིང་ཞིག་དང་རིག་གནས་ཀྱི་སློབ་གྲྭ་ཞིག་འཛུགས་རྒྱུའི་འཆར་གཞི་ཡང་ཡོད། ད་ལྟ་གྲྭ་པ་བདུན་ཅུ་ལྷག་གིས་གྲུབ་པའི་འཛིན་གྲྭ་བཞི་ཡོད་པ་དང་། དགེ་འདུན་པ་རྒན་པ་རྣམས་ལ་དམིགས་ཏེ་དགོན་པ་གཞུང་གིས་རྒན་གསོ་ཁང་ཞིག་ཀྱང་བཙུགས་ཡོད། དགོན་པའི་དཔལ་འབྱོར་ཡོང་འབབ་ཀྱི་ཆ་ནས་ད་ལྟ་མ་དངུལ་སྒོར་ཁྲི ༡༢༠ ལྷག་ཡོད་པ་དང་། ལྷ་སྡེའི་ནང་གི་མི་རྣམས་ཀྱི་དགོས་མཁོ་ལྟར་མང་ཚོགས་ལ་བསྐྱི་བཞིན་ཡོད་ལ། བསྐྱི་མཁན་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་ལོ་རེའི་ཡོང་འབབ་ལྟར་དགོན་པ་ལ་ཞལ་འདེབས་འབུལ་བཞིན་ཡོད། ལན་རེར་དགོན་པ་གཞུང་ནས་མ་དངུལ་བཏང་སྟེ་གྲྭ་པ་རྣམས་བོད་ཁུལ་གྱི་དགོན་སྡེ་གྲགས་ཅན་རྣམས་ལ་གནས་མཇལ་དུ་སོང་མྱོང་བ་དང་། དགོན་པ་གཞུང་ནས་དཔེ་མཛོད་ཁང་ཞིག་བསྐྲུན་ཡོད་པ་དང་། དཔེ་མཛོད་ཁང་དུ་དཔེ་ཆ་བལྟ་ཀློག་བྱས་ཆོག་པ་ལས་གཞན། བསྐྱར་དཔར་དང་ཡིག་བཏགས་ཀྱི་ལས་ཀ་སོགས་ཀྱང་བྱས་ཆོག ད་ལྟ་གྲྭ་པའི་ཁྲོད་དུ་སྐྱ་སར་འབབ་མཁན་ཕལ་ཆེར་མེད་པར་གྱུར་ཡོད་པ་དང་། འདས་མཆོད་སྐབས་མ་གཏོགས་གྲོང་ཆོག་ཏུ་འགྲོ་མཁན་ཡང་མེད་པར་གྱུར་ཡོད། སྟོང་མཆོད་དང་འདས་མཆོད་སོགས་ཀྱི་སྐབས་སུ་ཡོན་བདག་གི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད་ཆོས་ལུགས་ཀྱི་ཆོ་ག་འདི་དག་དགོན་པ་རང་ནས་སྒྲུབ་ཀྱིན་ཡོད་པ་དང་། དཀར་ཟས་ཁོ་ན་སྤྱོད་ཀྱི་ཡོད་པས། དགོན་པ་དང་ཡོན་བདག་གཉིས་ལ་ཕན་པར་གྱུར་ཚུལ་སོགས་གསུངས་ཡོད། དགོན་པའི་ལྷ་སྡེའི་མི་རྣམས་ཀྱང་གཞུང་རྒྱུད་དྲང་ཞིང་ལས་ལ་བརྩོན་པ་དང་། དགོན་པའི་ཁ་ཏ་སློབ་གསོར་ཉན་ཏེ་དུ་ཆང་དང་ཤོ་སོགས་མི་དགེ་བའི་ལས་བཅད་པ་ཤིན་ཏུ་མང་བས། གྱོད་ཁ་མཆུ་དང་མི་གསོད་དོན་རྐྱེན་གྱི་སྐོར་གང་ཡང་བྱུང་མ་མྱོང་། གཞན་ད་དུང་དགོན་གྲོང་གཉི་གས་ཉེ་འཁོར་གྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ་གང་འདོད་དུ་ཤིང་སྡོང་མི་གཅོད་པ་དང་། ནགས་སུ་གནས་པའི་སེམས་ཅན་ལ་མི་འཚེ་བ་སོགས་འགྲིག་ལམ་བཞག་མྱོང་བ་དང་། དགོན་གྲོང་གཉི་གནས་མཉམ་འབྲེལ་གྱིས་སྡོང་ཕྲུག་ཁྲི་གསུམ་ལྷག་བཙུགས་ཏེ་དགེ་བའི་ལས་རྒྱ་ཆེར་བསྒྲུབས་མྱོང་བས། ཕྱི་སྣོད་ཀྱི་ཁོར་ཡུག་ལེགས་ཤིང་ནང་བཅུད་ཀྱི་སེམས་ཅན་སྐྱིད་པའི་ཚུལ་སོགས་ཞིབ་ཏུ་གསུངས་པའོ། །