Skip to main content Skip to search
29 Jan 2016
13 min 48 sec
Video Overview
Creators: 
Sonam Tobgye, Sangay Tshomo

This story is about two cow herders who decided to buy more cows. One cow herder was rich, while the other was poor. According to Buddhist thought, inequality among humans is due to karma. This means that if one is rich, you shouldn't be arrogant, because karma will come back either in your present life with your family or collective wealth, or in rebirth.

 

ཕྱུགཔོ་དང་སྤྱང་ཀའི་སྲུང་དེ་ མོང་སྒར་སྔ་ཚང་ལས་ ཕུན་ཚོགས་དབང་འདུས་ཀྱིས་གཏངམ་ཨིན་པས། ཕྱུགཔོ་དང་སྤྱང་ཀའི་སྲུང་ལེ་ཤ་ཡོད་པའི་ནང་ལས་ ད་ལྟོ་ ཕུན་ཚོགས་དབང་འདུས་ཀྱིས་གཏང་མི་འདི་ ཕྱུག་པོའི་ཨ་ལོ་དང་སྤྱང་ཀའི་ཨ་ལོ་གཉིས་ནོར་རྫིཔ་འབད་དེ་ ནོར་ཧེང་སྐལ་ཉོ་ཉོ་གི་སྐོར་ལས་ཨིན་པས། ང་བཅས་ར་མི་ཆ་ཁྱབ་ ཕྱགཔོ་ཨིན་ཟེར་ ང་རྒྱལ་མ་མཐོ་ སྤྱང་ཀ་ཨིན་ཟེར་ ཉམ་ཆུང་མ་དྲགས་པར་སྡོད་དགོཔ་འདི་ ག་ནི་བ་གལ་ཆེཝ་ཅིག་ཨིན། ཕྱུགཔོ་དེ་ཡང་ ཚེ་སྔ་མ་བསྒྲུབས་ཡོད་པའི་ཟག་བཅས་ཀྱི་བསོད་ནམས་ཆུང་ཀུ་ཅིག་ལས་བརྟེན་ གནས་སྐབས་ཅིག་ཕྱུགཔོ་སྦེ་འོངམ་ཨིན་རུང་ མཐའན་མཇུག་ལུ་ ག་ནི་ཡང་མེདཔ་འགྱོ་སྟེ་ སྤྱང་ཀ་ལས་ལྷགཔ་སྦེ་ སྤྱོ་སྤྱོཝ་ལུ་འགྱུར་ནིའི་ཉེན་ཁ་ཡོདཔ་ད་ སྤྱང་ཀ་ཡང་ བསོད་ནམས་ཀྱི་འབྲས་བུ་སྨིན་པའི་དུས་ཚོད་ལྷོད་པའི་བསྒང་ལས་ ཕྱུགཔོ་འགྱུར་ནིའི་གོ་སྐབས་ཡོདཔ་ཨིན།

 

Transcript search
No results found for this search
0 of 0
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཧེ་མ་ སྤྱང་ཀའི་བུཚུ་གཅིག་དང་ཕྱུག་པོའི་བུཚུ་གཅིག་ ལྟོ་ཚང་སྦེ་སྡོད་ཡོདཔ་མས་ལགས། ཏེ་སྤྱང་ཀའི་བུཚུ་ལུ་ནོར་གཅིག་ཡང་མེདཔ་ ཕྱུགཔོ་གི་བུཚུ་ལུ་ ལྷོདཔ་ཅིག་རྒྱ་ཚ་མིན་འབད་བ་ཅིན་ ཁལ་འཇམ་འཇམ་ཅིག་ཡོདཔ་མས་བལྟཝ་ད་ ཏེ་ཁོང་གཉིས་ནོར་འཚོ་བ་འགྱོ་དོ་མས་ལགས། ནོར་འཚོ་བར་འགྱོ་སྦེ་ སྤྱང་ཀའི་བུཚུ་གི་འདིནི་ ལྟོ་བཅིང་འབག་ནི་ག་ཅི་འོང་ནི་ཏེ་ ལྟོང་ཧོ་ཏོམ་འབག་དོ་ཡོདཔ་མས། ལྟོང་ཧོ་ཏོམ་འབག་སྦེ་ ཕད་ཙེ་ནང་ལྟོང་ཧོ་ཏོམ་འབག་སྦེ་འགྱོ་དོ་ཡོདཔ་མས། ཕྱུགཔོ་གི་བུཚུ་ལུནི་ ཤ་དཀར་ཤ་དམར་ཤ་འབད་དེ་ ཕག་ཤ་ནོར་ཤ་བཙོ་ ལྟོ་ཡང་གཡུས་ཆུམ་བཟོ་སྦེ་ འབག་ཏེ་ཁོང་གཉིས་ ཉི་མའི་ལྟོ་ཕྱི་ཏེ་ ཕྱུག་པོའི་བུཚུ་ཟ་ནི་འབད་དོཝ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    སྤྱང་ཀའི་བུཚུ་གི་ལྟོང་ཧོ་ཏོམ་ བཏོན་དོཝ་མས་ ཧེ་མ་རང་། དེ་ལས་ ཁོང་གཉིས་ཁ་ཚིག་བཞག་སྟེ་ཡོད་འ་ན་ལས་ ཕྱུགཔོ་གི་བུཚུ་གིས་ལྟོ་རྩ་ལས་བགོ་མ་བྱིན། དེ་ལས་ སྤྱང་ཀའི་བུཚུ་གིས་སླབ་སྟེ་ཡོད། ཁྱོད་ཀྱིས་ང་ལུ་ལྟོ་བགོ་གནང་ཟེར་རུང་ མི་བྱིན་པས། ཁྱོད་ ང་ལྟོང་ཧ་ཏོམ་ཟཝ་ད་ ཚིལ་མ་ལྐོད་མར་མ་བཏང་སྨེ། ཚིལ་མ་སྐོད་མར་བཏང་པ་ཅིན་ ཁྱོད་ཀྱི་ལྟོ་ང་ཟ་ནི་ ལྟོང་ཧོ་ཏོམ་ཁྱོད་ཟ་ནི་སྨེ་ཟེར་ རྒྱལ་བཞག་ནུག་ཁོང་གཉིས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    རྒྱལ་བཞག་སྦེ་ སྤྱང་ཀའི་བུཚུ་ ལྟོང་ཧོ་ཏོམ་ ཆོབ་ཆོབ་ཟ་དོ་ཡོདཔ་མས། དེ་ལས་ ཕྱུགཔོ་གི་བུཚུ་ཏེ་ ལས་སྐྱིས་རང་ཏེ་ ག་ར་ཨིན་རུང་ སྐྱུརཔ་ཟཝ་ཨ་ཙི་འོངམ་བ་ཏེ་སྨོ་ལགས། དེ་ལས་ ཚིལ་མ་སྐོད་མར་བཏང་ཡར་སོ་ནུག་བ། དེ་ལས་ ཁ་ཚིག་ རྒྱལ་བཞག་ཞིནམ་ལས་ ཁོ་གི་ལྟོ་འདི་ཏེ་ སྤྱང་ཀའི་བུཚུ་གིས་ཐོབ་སྦེ་ཟ་སྟེ་ཡོད་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཟ་སྦེ་ ཁོང་གཉིས་ ཉིནམ་ཅིག་ཟེརཝ་ད་ སྲིན་པོའི་གཡུས་ཁར་ ནོར་ཉོ་བ་འགྱོ་ནི་ཟེར་ ནོར་ཉོ་བ་འགྱོ་ནི་ཟེར་ གྲ་སྒྲིག་འབད་དོ་མས། ཏེ་གྲ་སྒྲིག་འབད་དེ་ སྤྱང་ཀའི་བུཚུ་ལུ་ ཨའི་ལས་གཞན་ག་ཡང་མེད་ ཕྱུག་པོ་གི་བུཚུ་ལུ་ཡང་ ཨའི་རྐྱངམ་ཅིག་ཡོད་ ཡོད་ནི་འདི། དེ་ལས་ ཕྱུག་པོའི་བུཚུ་གིས་ ང་ནོར་ཉོ་བ་འགྱོ་ནི་ཟེར་ དེ་ལས་ ཨའི་གིས་ལས་མི་འཚོལ་ཏེ་ གཙོ་འཕུར་ཁལ་ལྔ། ཝ་ཁལ་ལྔ། ཀྲིག་ཀྲི་འབད་བཅའ་སྒྲིག་རྐྱབ་ཟེར་ བུཚུ་གིས་སླབ་བཞག་སྟེ་ཡོདཔ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དང་ཕུགས་ཏི་རུ་ཀོ་རྐྱལ་གཅིག་ བལ་ཀྲམ་ཀོ་རྐྱལ་གཅིག་འབག་སྟེ། སྤྱང་ཀའི་བུཚུ་ལུ་ བལ་ཀྲམ་དཀརཔོ་གསུམ་འབད་མི་ཅིག་ ཡོད་རང་མིན་འདུག ག་ཅི་མེད་པར་ ཁོང་གཉིས་ཡར་སོ་ནུག་ལགས། ལ་གཅིག་བརྒལ་ལུང་གཅིག་སྤུབས་ ལ་གཅིག་བརྒལ་ལུང་གཅིག་སྤུབས་སྦེ་ ལམ་རྒྱ་གྲམ་ཅིག་གུར་ལྷོདཔ་ད་ གཅིག་ཡར་ལས་ གཅིག་མར་ལས་འགྱོ་ནི་གི་ཁ་ཚིག་བཞག་དོ་ཡོདཔ་མས། ང་བཅས་གཉིས་ག་མགྱོགས་རུང་ འ་ནི་ལམ་ཁར་བསྒུག་ནི་ཟེར་ ང་མགྱོགས་པ་ཅིན་ ང་འ་ནི་ལམ་ཁར་བསྒུག་ནི་ ཁྱོད་མགྱོགས་རུང་ ཁྱོད་འ་ནི་ལམ་ཁར་སྒུགས་སྨེ་ཟེར་ ཁ་ཚིག་བཞག་སྦེ་ ཁ་འབྱལ་ནུག་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཕྱུག་པོའི་བུཚུ་མར་ལས་འགྱོ་ སྤྱང་ཀའི་བུཚུ་ཡར་ལས་འགྱོ་སྦེ་ ལམ་སོ་སོ་ཡར་སོ་ནུག་ལགས། འགྱོ་སྦེ་སྤྱང་ཀའི་བུཚུ་གི་སྐལཝ་འདི་ སྲིནམོ་ཨང་རྒས་དང་ཨ་རྒས་ཀྱི་ཁྱིམ་ན་ལྷོད་སོ་ཡི་ལོ། སྲིནམོ་ཨ་རྒས་འདི་གི་ཡང་མིག་ཏོ་མིན་འདུག་ལོ། ཨང་རྒས་འདི་གི་མིག་ཏོ་མིན་འདུག་ལོ་ལགས། མིག་ཏོ་མེད། ཡ་ཨང་རྒས་ཟེར་ ལྟོ་ཕར་བྱིནམ་ད་རང་ ལྟོ་ཁོ་གིས་བཟེད་ཟ་བཞག ཡ་ཨ་རྒས་ཟ་ཟེརཝ་ད་རང་ ཁོ་གིས་བཟེད་བཞག འུམ་་་་་ ང་བཅས་གཉིས་ཀྱི་བར་ན་ ལྟོ་བཟེད་ཟ་མི་ཅིག་ ཐད་རི་བ་རི་འདུག་ཟེར་ ཨང་རྒས་ཀྱིས་ དེ་སྦེ་འདི་མི་བཏུབ་པས་ཟེར་ ཉིནམ་ཅིག་ཟེརཝ་ད་ འ་ནི་མི་འདི་ བདའ་ཟུནམ་རང་ཟུན་ཟེར་ ཉིནམ་གཉིས་འགྱོ་རུང་མེད་ ཉིནམ་གསུམ་འགྱོ་རུང་མེད་ ཧ་ལམ་ཡར་སོ་ནུག་ལགས། བདུན་ཕྲག་གཉིས་གསུམ་དེ་ཅིག་འདི་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཉིནམ་ཅིག་ཟེརཝ་ད་འབདན་ ཨ་རྒས་ཀྱིས་ལགཔ་གིས་བདའ་ཟུན་ཆི་ལོ་ལགས། ཁྱོད་ག་དེ་སྦེ་སྨོ? ང་བཅས་ཨང་རྒས་དང་ཨ་རྒས་མིག་ཏོ་མ་མཐོང་པ་ལུ་ ཁྱོད་འ་ནིམ་ཅིག་བང་བཙོང་སྟེ་ ལྟོ་བཟེད་ཟ་སྦེ་ ང་བཅས་གཉིས་ལྷག་མ་ཅིག་ལས་ཟ་ནི་མི་ཐོབ་པས་ཟེར་ ལྟོ་ཞིམ་ཏོང་ཏོ་ག་ར་ཁྱོད་ཟ་སྟེ་ ལྷག་མ་རྐྱངམ་ཅིག་ང་བཅས་གཉིས་དགོ་པས་ཟེར་ ལྷག་མ་བཀོ་བཞག་མི་འདི་ ཟ་དོ་ཡོདཔ་མས་ ཨང་རྒས་དང་ཨ་རྒས་ ལྟོ་འདིནི་བཀྱེ་འོང་།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་སྦེ་མ་འབད་ སྐུ་ཆེ་གསུང་ཆེ་ཨིན་ཟེར་ ད་ཁྱོད་ཟ་རང་ཟ་ནི་ ཟེར་སླབ་སླབ་མས། སྐུ་ཆེ་གསུང་ཆེ་ཨིན་ད་ ཨང་རྒས་དང་ཨ་རྒས་ ང་གིས་དྲིན་ལན་འབྱོར་གེ་ དེ་སྦེ་མ་འབད་ཟེར་ ག་ཅི་འབད་རུང་ ཨང་རྒས་དང་ཨ་རྒས་ཀྱི་ག་ཅི་སླབ་ཅི་ཉན་གེ་ ཟེར་སླབ་སླབ་མས་ལགས། བཏུབ་དེནི་ ང་བཅས་གཉིས་ཀྱི་ནོར་ ཁྱུ་ཁྱུ་སྦེ་ཡོདཔ་མས། ཡང་ཀུ་མིན་ཁྱུ་སྦེ་ཡོདཔ་མས། ཕྲ་པ་ཁྱུ་ཡོདཔ་མས། རྒྱ་ཚ་མིན་ཁྱུ་སྦེ་ཡོདཔ་མས། ཨང་རྒས་དང་ཨ་རྒས་བལྟ་མི་མེད་པར་ཏེ་ ཁོང་གཉིས་མིག་ཏོ་མེད་ དེ་ལས་འ་ན་ལས་ རྒྱ་ཚ་མིན་འཁྱུ་འདི་ཚུ་འདི་ བཏང་བཞག་སྟེ་ཡོདཔ་མས་བ་ལགས། སྤྱང་ཀའི་བུཚུ་ནོར་འཚོ་བ་འགྱོ་སྨེ་ཟེར་ ནོར་འཚོ་བ་འགྱོ་འགྱོཝ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ནོར་འཚོ་བ་འགྱོ་ ཤིང་ཐོག་ཁར་འཛེགས་སྦེ་སྡོད་སྡོདཔ་མས། འོག་ལུ་ས་དོང་བརྐོ་སྦེ་ སྲིནམོ་ཚུ་གསད་ནི་གི་ཐབས་ཤེས་ཀྱིས་ས་དོང་བརྐོ་སྦེ་ རང་འཐག་ཆ་གཅིག་ཡར་འབག་སྦེ་ སྲིནམོ་ཕྱུགཔ་ཅིག་ཡོདཔ་མས་ ཁྱིམ་ལགས། འ་ནི་སྲིནམོ་གི་ཁྱིམ་གྱི་རྩ་བ་སྡོད་སྦེ་ ཤིང་ཐོག་འཛེག་སྡོད་སྦེ་ ནོར་ཞིང་ཁ་ལུ་བཏང་བཞག་ནུག
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དབའེ་་་་ ང་གི་ཐོག་ཞིང་ལུ་ནོར་བཏང་མི་ག་སྨོ? ག་སྨོ? ཟེརཝ་མས་ལོ་ལགས། དེ་ལས་ ང་ཨིན། ཟེར་སླབ་ཅི་ལོ། དེ་ལས་ སྲིནམོ་ལས་མི་འཚོལ་འོང་སྦེ་ གྱལ་བསྣར་ཏེ་འདུག་ལོ་ལགས། བསྣར་ཏེ་ ཁོ་གིས་ཡར་ལས་མར་ སྲིནམོ་ཆ་ཁྱབ་ དོང་ནང་འཛུལཝ་ད་ རང་འཐག་བཀོ་སྦེ་ སྲིནམོ་དགུ་བཅུ་ཐམ་དེ་ཅིག་ བསད་དེ་ཡོད་ལགས། དེ་ལས་ ས་གིས་སྤུབ་བཞག་སྦེ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ ཁོ་སྲིན་པོའི་ཁྱིམ་ནང་འགྱོ་བལྟཝ་ད་ སྲིནམོ་གི་༼བི་ཡར་༽ཟེར་འོང་ལོ་བ་ལགས། ཀི་ཤིག་བཟུམ་ཅིག་ ཁོང་གི་སྲོག་ལགས། འ་ནི་ལྷོག་བལྟཝ་ད་ སྲོག་ཨིན་མས་ལོ་ལགས། སི་པ་གཅིག་ནང་བཙུགས་བཞག་ནུག་ལོ། དེ་ལས་ ཁོ་གིས་ག་ར་མེ་བཏང་ད་ནུག་བ་ལགས། དེ་ལས་ སྲིནམོ་གི་མགོ་ཅན་ཆ་ཁྱབ་ག་ར་ཤི་ནུག་བ་འ་ན་ལས་ མེ་བཏང་ཞིནམ་ལས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ ཁྱིམ་སྦོམ་ནང་བཅད་བཅད་སྦེ་འདུག་ལོ། བཅད་གཅིག་ནང་རྒན་རྒས་ཙང་ཙ་ བཅད་གཅིག་ནང་རྒན་རྒསམ་ཙང་ཙ་ བཅད་གཅིག་ནང་གཞོནམ་ཙང་ཙ་བཞག་སྟེ་ བུཚུ་ཙང་ཙ་ བཅད་གཅིག་ནང་བུམོ་ཙང་ཙ་བཞག ཆེ་ཆུང་འགྲིག་བཞག་ནུག་ལོ་ལགས། ཟ་ནི་གི་ལགས། དེ་ལསནི་ཏེ་ ག་ཅི་ལོ་ ཁོ་གིས་སྒྲོམ་ཁ་ཕྱེ་ཡི་ཕྱེ་ཡི་བལྟཝ་ད་ ཟ་འོང་འདྲོག་སྟེ་ ང་ཁྱོད་ཟ་མི་མེན་ བཏང་མི་ཨིན་ཟེར་ ག་ར་བཏང་སྟེ་ཡོད་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    བཏང་སྟེ་ རང་རང་སོ་སོའི་གཡུས་ཁར་བཏང་སྟེ་ཡོད་ལགས། ང་བཅས་དཔེར་ན་ སྲིནམོ་མེན་པར་ སྲིནམོ་ཚུ་གིས་བཟང་སྟེ་ ཟ་ནི་སྦེ་འབག་འབགཔ་ཡོདཔ་མས་བ་ལགས། ང་བཅས་བཟུམ་གྱི་མི་ལགས། དེ་ལས་ ལོག་འགྱོ་སྦེ་ ཨང་རྒས་དང་ཨ་རྒས་འབད་སར་འགྱོ་སྦེ་ དེ་ལས་ ཨང་རྒས་དང་ཨ་རྒས་གཉིས་ལུ་སླབ་ནུག ང་འགྱོ་ནི་སྨེ་ ཨ་རྒས་དང་ཨང་རྒས་ ཁྱོད་གཉིས་ལུ་ གཞན་དྲིན་ལན་ག་ཅི་ཡང་འབྱོར་མ་ཚུགས་ ནོར་ཅིག་འཚོ་བྱིན་སྦེ་ འགོར་འབག་འོང་སྦེ་བཞག་སྟེ་ཡོད་སྨེ་ཟེར།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ ཨང་རྒས་དང་ཨ་རྒས་ཀྱི་མིག་ཏོ་འདི་ མར་སི་པ་ནང་བཙུགས་བཞག་ནུག་ལོ་ལགས། མིག་ཏོ་ཆ་གཉིས་ལགས། ཨ་རྒས་ཀྱི་མིག་ཏོ་ཆ་གཅིག་དང་ ཨང་རྒས་ཀྱི་མིག་ཏོ་ཆ་གཅིག་ལགས། དེ་ལས་སི་པ་བསྡུ་འབག་འོང་སྦེ་ ཧེ་མ་རང་ ཨ་རྒས་མཐོང་མས་ག་ཟེར་ མིག་ཏོ་ལོགས་གཅིག་བཙུགས་བྱིན་ནུག་བ་ལགས། ད་རབ་རིབ་ཅིག་མཐོང་མས་ཟེར་ ལེགས་ཤོམ་སྦེ་རང་སྒྲིག་བྱིན་བྱིནམ་མས། ཧ་ལམ་ཅིག་མཐོང་མས་ཟེརཝ་མས་ལོ། དེ་ལས་གཡོན་པ་འདི་སྒྲིག་བྱིན་བྱིན་མས། མིག་ཏོ་མཐོང་མས་ག་ ཨག་རྒས་ཟེརཝ་ད་ ཤར་དང་ནུབ་དང་ཏ་ལ་ཟེར་ ལམ་འགྱོ་ཡར་སོ་ཡི་ལོ་ གནམ་མེད་ས་མེད་སེམས་དགའ་སྟེ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ ཨང་རྒས་ཀྱི་མིག་ཏོ་གཡས་པ་འདི་བཙུགས་བྱིན་བྱིན་མས་ཧེ་མ་རང་། མཐོང་མས་ག་ ཨང་རྒས་ཟེརཝ་ད་ རབ་རིབ་ཅིག་མཐོང་མས་ཟེར་ དེ་ལས་གཡོན་པ་འདི་བཙུགས་བྱིན་བྱིནམ་མས། མཐོང་མས་ག་ ཨང་རྒས་ཟེརཝ་ད་ ཤར་དང་ནུབ་ཏ་ལ་ལ་ཟེར་ དེ་ལས་སེམས་དགའ་ དེ་ལསན་ཏེ་ བཀའ་དྲིན་བསམ་སྦེ་ཏེ་ ཁོ་ལུ་ཁྱོད་ཀྱིས་ ང་བཅས་གཉིས་ཀྱི་མིག་ཏོ་ལོག་འབག་འོང་སྦེ་ བཙུགས་བྱིན་ཏེ་གནམ་མེད་ས་མེད་བཀྲིན་ཆེ་ཡི་སྨེ་ཟེར་ དེ་ལས་ གསེར་བྲེ་གིས་འཇལ་ དངུལ་བྲེ་གིས་འཇལ་སྦེ་ ཏེ་ཏི་རུ་དང་བལ་ཀྲམ་ཚུ་བྱིན་དོ་ཡོདཔ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལསན་ཏེ་ རོ་ཁྱི་གཅིག་འདུག་ལོ་ལགས། རོ་ཁྱི་མོ་གཅིག་ ཀོང་ཟས་ཅིག་ འ་ནི་རོ་ཁྱི་གིས་སྔུཝ་མས་ལོ་ལགས། འའུ་་་ འའུ་་་་་ཟེར་ སྤྱང་ཀའི་བུཚུ་ཁྱོད་ཀྱིས་ ང་ལུ་དྲོན་གོང་ཨ་ཁམ་ཅིག་བྱིན་པ་ཅིན་ ཁྱོད་ལུ་བློ་ལེགས་ཤོམ་ཅིག་སླབ་གེ་ཟེརཝ་མས་ལོ། ཨའེ་་་་ ག་ཅི་སླབ་ནི་ཡོདཔ་ཨིན་ན་སྨོ་ཟེར་ ལྟོ་ལྷག་ཅིག་འབག་བྱིན་ནུག་ལགས། བྱིནམ་ད་ལུ་ཏེ་ རོ་ཁྱི་གིས་སླབ་མས་ལོ་ ཁ་གིས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དང་ཕུགས་འབད་བ་ཅིན་ དུད་འགྲོ་སེམས་ཅན་ཚུ་བློ་སླབ་ད་ ག་ར་རྣམ་ཅོག་གོ་ལོ་བ་ཏེ་ གོ་སྐབས་སྡོད་ཡོད་ལོ། ཤུལ་ལས་འདི་འ་ནི་བཟུམ་སྦེ་ མེདཔ་ཡར་སོ་ནུག གསེར་དང་དངུལ་ ཁྱོད་ཀྱིས་ དོས་དོས་སྦེ་བྱིན་རུང་ ཁྱོད་མ་འབག གསེར་གྱིསནི་ སོལ་མོ་འགྱུར་འོང་ དངུལ་གྱིསནི་ གོ་ཐལ་འགྱུར་འོང་ ཁྱོད་མ་འབགསྨེ་ཟེར་ གསེར་གྱི་འུང་ཀ་(གཡག་དུང་)ཡོད་ འ་ནི་གནང་ཟེར་སླབ་ཟེར་ འ་ནི་བྱིན་པ་ཅིན་ ཁྱོད་མཆོག་ཏུ་འགྱུར་པ་ཅིག་ཨིན། རྒྱུ་ནོར་ལོངས་སྤྱོན་ཕུན་སུམ་ཚོགསཔ་ཅིག་ ཁྱོད་ག་ཅི་ཡང་མེད་རུང་ ཁྱོད་འ་ནི་འཕུ་བཏངམ་ད་ལུ་ རྒྱ་ཚ་མིན་འཁྱུ་སྦེ་ ཡང་ཀུ་མིན་ཁྱུ་སྦེ་འཐོན་འོང་སྨེ་ཟེར།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    གཞན་ག་ཅི་ཡང་གནང་ཟེར་མ་སླབ་ གསེར་དང་དངུལ་ལུ་བག་ཆགས་མ་འབད་ཟེར་ རོ་ཁྱི་གིས་སླབ་མས་ལོ། རོ་ཁྱི་གིས་སླབ་ཞིནམ་ལས་ ཁོ་གིས་ཏེ་ ཨང་རྒས་དང་ཨ་རྒས་ལུ་སླབ་ནུག གསེར་ཡང་མི་དགོ དངུལ་ཡང་མི་དགོ་ ང་གིས་འབག་མི་ཚུགས་ བྱིན་རང་བྱིན་པ་ཅིན་ ཁྱེད་ཀྱི་གསེར་གྱི་འུང་ཀ་(གཡག་དུང་)འདི་གནང་ཟེར།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    གསེར་གྱི་འུང་ཀ་(གཡག་དུང་)འདི་གནང་ཟེརཝ་ད་ལུ་ཏེ་ ཨང་རྒས་དང་ཨ་རྒས་ ཕངསམ་བཞིན་དུ་ར་ ཨའེ་་་་ བཀའ་དྲིན་ཆེ་ཡི་སྨོ་ཟེར་ བཀའ་དྲིན་བསམ་དགོ་ཟེར་ ང་བཅས་གཉིས་ མིག་ཏོ་མ་མཐོང་པར་གནག་དུང་ནང་ན་མུན་པའི་གླིང་ནང་ན་སྡོད་སྡོདཔ་ལས་ ད་ལྟོ་ཏེ་ དགའ་ཏོག་ཏོ་ སྐྱིད་ཏོང་ཏོ་ མིག་ཏོ་གིས་མཐོང་ ལཱ་འབད་བའི་བསྒང་ ག་ཏེ་འགྱོ་རུང་མཐོང་ནི་ འ་ནི་བཟུམ་འགྱོ་མི་འདི་ ཁྱོད་ཀྱི་བཀའ་དྲིན་ཨིན། ཁྱོད་ཀྱིས་ག་ཅི་གནང་ཟེར་རུང་ བྱིན་དགོཔ་ངེས་བདེན་ཨིན། ཏེ་གསེར་གྱི་འུང་ཀ་བྱིན་གེ་ འབག་ཟེར་ ཏེ་སྤོ་ཏོ་ཁར་མ་འཕུ་ གཤོང་ནང་འཕུ་ཟེརཝ་མས་ལོ་ལགས། ཡ་ཡ་འུང་ཀ་སེ་སྐོརམ་རྐྱབ་འབག་སྦེ་ སྤོག་ཏོ་ཁར་མ་འཕུ་བར་ གཤོང་ནང་འཕུ་བལྟཝ་ད་ ལ་མ་་་་་ སྟག་ དོམ་ ཀ་ཤ ཕག་པ་ཚུ་གིས་སྤུང་འོང་མས་ལོ་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    འུམ་་་་་ འ་ནི་འདི་ ཨང་རྒས་དང་ཨ་རྒས་ཀྱིས་ང་ལུ་ཤོབ་སླབ་ནུག་ཟེར་ སྤོག་ཏོ་ཁར་འགྱོཝ་སྦེ་ འཕུ་ཡི་ལོ། འུང་ཀ་(གཡག་དུང་) སྤོག་ཏོ་ཁར་འགྱོ་སྦེ་འཕུ་བཏངམ་ད་ལུ་ རྒྱ་ཚ་མིན་ཁྱུ་སྦེ་ ཡང་ཀུ་མིན་ཁྱུ་སྦེ་ ཕྲ་པ་ཁྱུ་སྦེ་འཐོན་འོང་ཡི་ལོ་ལགས། འ་ནི་ཨང་རྒས་དང་ཨ་རྒས་ཀྱི་ནོར་འདི་ འུང་ཀ་(གཡག་དུང་)རྣམ་ཅོག་གོཝ་ད་ དེ་ལས་བདའ་འབག་ འུང་ཀ་(གཡག་དུང་)འཕུ་ཡི་འཕུ་ཡང་འབག་སྦེ་ འགྱོཝ་ད་ལུ་ ལམ་རྒྱ་གྲམ་ལུ་ ཁ་ཚིག་བཞག་ས་ལུ་ ཕྱུག་པོའི་བུཚུ་བསྒུགས་ནུག་ལོ་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    གླང་རོ་ཁོག་ཅིག་འཁྱིད་འབག་སྦེ་ བ་གཅིག་ཡང་མ་ཐོབ་པར་ དབའེ་ལྟོ་ཚང་ཁྱོད་ལོག་ཅི་ག་ཟེརཝ་ད་ ལོག་ཅི་ཟེར་ ཁོ་གིསནི་ ནོར་གནམ་མེ་ས་མེད་ཀྱི་ནོར་ ཐང་ནང་མ་ཤོང་པའི་ ལམ་ཁར་མ་ཤོང་པའི་ནོར་འབག་འོང་སྟེ་ འུང་ཀ་(གཡག་དུང་)གཅིག་ཁར་འོང་འོངམ་མས་བ་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ ནོར་བདའ་འགྱོ་སྦེ་ ཚལ་མ་ཅིག་ནང་ལྷོདཔ་ན་ བྱ་ཕུག་ཅིག་ནང་ ཁོང་གཉིས་སྒར་བཅགས་ཏེ་ ཆུ་རེ་དབོག་ ཤིང་རེ་འདི་ནང་རང་ཡོདཔ་མས། ཤིང་རེ་བསྒྱོམ་སྦེ་ འ་ན་ལས་ཁོང་གཉིས་ལྟོ་ཟ་ནུག་ལགས། ལྟོ་ཟ་བའི་སྐབས་ལུ་ ཕྱུག་པོའི་བུཚུ་གི་གནས་སྐབས་ མེ་བཏང་ནི་སྡོད་སྡོདཔ་མས་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    འཕུལ་བཀོ་སྦེ་མེ་བཏང་ནི་གི་ཏེ་ ཁོ་གིས་ཐབས་ཤེས་འགྱིར་ཏེ་ ང་ཕྱུག་པོའི་བུཚུ་ཨིན་མས་ན་ ཁྱོད་སྤྱང་ཀའི་བུཚུ་ཁྱོད་ གྱང་འོང་ གོ་ལ་མེད་ མལ་ཆ་མིན་འདུག་བ་ཁྱོད་ ཁྱོད་མེ་གི་རྩ་བ་ཉལ་ ཟེརཝ་མས་ལོ་ལགས། ཏེ་བཏུབ་བཏུབ་ཟེར་ དེ་ལས་ཁོ་གཉིད་ལོག་སྡོདཔ་ད་ འཕུལ་བཏང་སྦེ་མེ་བཏང་ད་ནུག་ལོ་ཁོ་འདི་ དེ་ལས་མེ་གིས་འཚིགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ ཕྱུག་པོའི་བུཚུ་གིས་ ནོར་ཚུ་བདའ་འབག་ནི་གི་གནས་སྐབས་ཀྱིས་ཏེ་ འུང་ཀ་(གཡག་དུང་)འཕུ་སྦེ་འབདཝ་ད་ རྒྱ་ཚ་མིན་གདོང་རྒྱན་འབད་མི་ཅིག་གིས་ གནམ་མེད་ས་མེད་སྐད་རྐྱབ་སྟེ་ ཨ་ནི་གོ་ཐལ་ལྕེ་གིས་བལྡག་སྡོད་དེ་མ་བཏུབ་ལོ་ལགས། གོ་ཐལ་ སེབ་སེབ་སོལ་མོ་དང་གོ་ཐལ་ཟ་སྟེ་ དེ་ལས་ནོར་ལ་ལུ་བདའ་འབག་ཡར་སོ་ནུག་ཁོནི་ ཕྱུག་པོའི་བུཚུ་སེམས་དགའ་དྲགས་ཏེ་ སྤྱང་ཀའི་བུཚུ་འདིནི་ བསད་ཅི་ཁོ་ ང་ཐོབ་ཟེར།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    འགྱོཝ་ད་ལུ་ཏེ་ འ་ནི་ནོར་འདི་གིས་ ག་ཅི་ལོ་ ཕྱུག་ཀུ་མཚའ་བའུ་ཅུང་སྦེ་མེན་པར་ མི་སྦེ་མཚའ་ནུག་ལགས། སྤྱང་ཀའི་བུཚུ་ ཧེ་མ་ལས་ལྷགཔ་སྦེ་ གོས་ཆེན་བགོ་གྱོན་ གནམ་མེད་ས་མེད་ཕོ་རབ་ཏེ་ རྒྱ་ཞྭམོ་ཅིག་བཙུགས་ གནམ་མེད་ས་མེད་ ཚེས་བཅོ་ལྔའི་ཟླཝ་བཟུམ་སྦེ་ཏེ་ བཀྱག་དུང་དུང་(ལྡིང་ལྡི་)སྦེ་འཐོན་འོང་ནུག་ རྟིང་བདའ་སྟེ་ དེ་ལས་ཕྱུག་པོའི་བུཚུ་ གནམ་མེད་ས་མེད་ཧ་ལས་ཏེ་ དབའེ་་་ ཁྱོད་ག་དེ་སྦེ་ལོག་ཅི་ ཟེར་སླབ་སླབ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཨ་ང་ནཱ་ ད་མར་ལས་མར་འགྱོ་སྦེ་ ག་ཅི་ལོ་ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་གིས་ལོག་འགྱོ་ཟེར་ བཀའ་གནང་སྟེ་ལོག་འོང་ཡི་སྨེ་ང་འདི་ ད་ག་ཅི་ལོ་ ཁྱོད་ཡང་ཚར་གཅིག་འགྱོ་བ་ཅིན་ ལེགས་ཤོམ་འོང་ནི་ཨིན་མས། ང་བཟུམ་སྦེ་འགྱོ་འོང་ཁྱོད་ཡང་ ཟེར་སླབ་སླབ་མས། ད་རུང་རང་ ཉིན་ཞག་བཞི་ལྔ་དེ་ཅིག་ཁ་ལུ་རྐྱངམ་ཅིག་ལྷོད་ནི་ཨིན་མས་ཁྱིམ་ན་ཡང་ འ་ནི་གི་བར་ན་ ད་རུང་སྒར་བཅགས་ཉལ་ཉལཝ་མས། ད་རེས་ང་མེའི་རྩ་བར་ཉལ་གེ་ ཁྱོད་འཕུལ་བཀོ་སྨེ་ ཟེརཝ་མས་ལོ། ཏེ་བཏུབ་བཏུབ་ཟེར།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཧ་ཧ་ཧ་་་་་ ཕྱུག་པོའི་བུཚུ་མེའི་རྩ་བར་ཉལ་ཉལཝ་མས། འ་ནི་སྤྱང་ཀའི་བུཚུ་ཅོག་གཅིགཔོ་སྦེ་འགྱོ་འོང་ནི་གི་རེ་ཆི་ཨིན་མས་ཁོ་འདི་ ཉལ་སྦེ་ནུབམོ་འགྱོཝ་ད་ ཁོ་གིས་འཕུལ་བཏང་ད་སྟེ་ མེ་གིས་འཚིགས་ཏེ་ དེ་ལས་འ་ནི་ གླང་འདི་གིས་རྩ་ལས་འགྱོ་མ་བཏུབ་པར་ལགས། གླང་བཀོ་བཞག་ནུག བདའ་མ་འགྱོ་བས་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཁོ་གི་ནོར་ཆ་ཁྱབ་བདའ་འབག་སྦེ་ གླང་ལུས་སོ་ཡི་ལོ། གླང་གིས་སྐད་རྐྱབ་ཅི་རྐྱབ་ཅི་ སོལ་མོ་དང་གོ་ཐལ་ཟ་སྡོད་དེ་ ལྟ་མ་འདི་ ལྒང་ཕུ་ཅིག་འཚའ་འབག་འོང་མས་ལོ་ལགས། ལྒང་ཕུ། ཐད་སྒོར་རིལ་རི་འབད་མི་ཅིག དེ་ལས་ཏེ་ ཁྱིམ་ན་ལྷོད་བལྟཝ་ད་ལུ་ཏེ་ ག་ཅི་འོང་བ་ཏེ་ ཨའི་གིས་ ཝ་ཁལ་ལྔ་ གཙོ་འཕུར་ཁལ་ལྔ་བརྡབས་ཏེ་ བཅའ་སྒྲིག་རྐྱབ་བལྟཝ་ད་མེད། ཨའི་ངོ་ཚ་སྟེ་ ཁ་ཕུབ་རྐྱབ་འགྱོཝ་སྦེ་ ཤི་སོ་ཡི་ལོ། སྤྱང་ཀའི་བུཚུ་འདི་གིནི་ བལྟ་མ་ཚུགས་པའི་ནོར་ཡོད། དེ་ལས་འ་ནི་སྦེ་ནོར་འབག་འོང་སྦེ་འཚོ་སྟེ་ དེ་ལས་ནོར་གཅིག་ཁར་འགྱོ་སྦེ་ མར་དང་ དར་ཚིལ་ཚུ་བཏོན་སྡོདཔ་ད།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    སྤྱང་ཀ་བུཚུ་གི་ཨོམ་འཐུང་སྟེ་ཉན་མ་བཏུབ་ལོ། ཨརཝ་བརྐུ་སྟེ་ཨོ་ཟོམ་སྦོམ་འ་ནི་སྦེ་ ལྟེམ་ལྟེ་བཀང་བཞགཔ་ད་ སིབ་སི་འཐུང་སྟེ་ཉན་མ་བཏུབ་པ་ ཉིནམ་ཅིག་ཟེརཝ་ད་ སྲུང་སྡོད་སྡོདཔ་མས་ཁོ་གིས་ སྤྱང་ཀའི་བུཚུ་གིས་ཙང་བཏང་སྟེ་ འ་ནི་མི་གིས་ ག་དེ་སྦེ་འཐུང་མས་ག་ བལྟ་གེ་སྨེ་ཁོ་ཟེར་ མ་པ་ལྒང་འཕུ་གིས་འཐུང་དོ་ཡོདཔ་མས་ ཨོམ་འདི་ལགས། དེ་ལསན་ཏེ་ འོང་མས་ལོ་ གྱང་ས་སྒོ་བསྡམ་བཞག་བཞགཔ་ལས་ཚུར་ ཏེ་ཀེར་ ཏེ་ཀེར་ སྤྱང་ཀའི་བུཚུ་གི་ཨོམ་ འཐུངམ་དྲག་ག་མི་དྲག་ག་ ཏེ་ཀེ་ ཏེ་ཀེར་ཟེར་ འཐུང་ནི་འདི་འཐུངམ་རང་དྲག་འོང་ ཏེ་ཀེར་ ཏེ་ཀེར་ཟེར་ འོང་མས་ལོ་ལགས། ནང་ན་ལྷོདཔ་ཅིག་ ཨོ་ཟོམ་ཁབ་ཏོག་ཕྱེ་སྦེ་ སིབ་སི་བཏང་འཐུང་མས་ལོ་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཨ་་་་ཙིགཔ་ཟ་དགོ་མནོ་འབད་མ་ཚུགས་པར་ ཤིང་འཁར་འ་ནེམ་ཅིག་འབག་སྦེ་ ཚར་ཅིག་གུ་དྲངས་བཏང་ད་ཡི་ལོ་ལགས། པ་འང་་་་་ བཏང་སྤེད་ཡར་སོ་ཡི་ལོ་ལགས། དེ་ལས་ ཕྱུག་པོའི་བུཚུ་ཨ་ནིམ་ཅིག་སྦེ་རྫོགས་སོ་ཡི་ལགས། སྤྱང་ཀའི་བུཚུ་གི་སྐལཝ་ བཀྲ་ཤིས་གཡང་སྟེ་ ནོར་ཆ་ཁྱབ་ རྒྱ་ཚ་མིན་ཁྱུ་ ཡང་ཀུ་མིན་ཁྱུ་ ཕྲ་པ་ཁྱུ་སྦེ་ འ་ནི་བཟུམ་སྦེ་ཁྱུ་ཁྱུ་འབད་དེ་ རྒྱུ་ནོར་ལོངས་སྤྱོད་གནམ་མེད་ས་མེད་ སྦོམ་འགྱོ་སྦེ་ཏེ་ ཁོ་འདི་ མི་ཚེ་གཅིག་ནང་གནམ་མེད་ས་མེད་ཀྱི་ཡར་རྒྱས་འགྱོ་སྦེ་ ཟ་སྟེ་ཡོད་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    བཀའ་དྲིན་ཆེ།