Video Overview
Tibetan comics Tupten and Mikmar perform their comedy act "Sho". Sho is a dice game very popular in Central Tibet.
- མིག་དམར།པ་ར་པ་ར་ཟེར་བ།
- ཐུབ་བསྟན།བཀྲ་ཤིས་ཤོ་མིག་ཡིན་པས།
- མིག་དམར།པ་རའི་པར་ཆང་འདི་ནས།
- ཐུབ་བསྟན།གསུམ་སྒྲོན་མཉེས་དག་གནང་དང་། ཏིག་འདུམ་་་་ པ་ར་ཤོག པ་ར་ཤོག་་་་་་་
- མིག་དམར།ཧ་ཧ་་་་་་ལྷན་རྒྱས་གཟིགས་དང་། ང་ཚོའི་རྒན་ལགས་དགོང་ལོ་བགྲེས་པོ་འདི་འདྲས་ཡིན་ནའི་ཤོ་རྒྱག་དགོས་བྱུང་ན། ནམ་ལངས་ཉན་༿མཁན༾དེ་འདྲས་རེད་འདུག་གང་ཡང་།
- ཐུབ་བསྟན།ཨེ་་་་ ཡིན་དགོས་བྱུང་། ཁོང་།
- མིག་དམར།འོང་།
- ཐུབ་བསྟན།རྩེད་མོ་བྲོད་པོ་དེ་འདྲས་ལ་དབྱིངས་མ་ཞུགས་པ་ག་པར་ཡོང་གི་རེད་ཁོང་།
- མིག་དམར།ལགས།
- ཐུབ་བསྟན།ཧེ་ཧེ་་་་ཨ་ནི་་་ཁྱེད་རང་གིས་ཤོའི་རྩེད་མོ་མཁྱེན་གྱི་མེད་པས་ཨ་ནི་་་
- མིག་དམར།ཤོའི་རྩེད་མོ་ཨེ་་་
- ཐུབ་བསྟན།འོང་།
- མིག་དམར།ཧའ་་་་ཤོ་ཟེར་ཡས་འདི་བརྒྱབ་ནས་ག་རེ་བྱེད་དགོས་རེད།
- ཐུབ་བསྟན།འོང་།
- མིག་དམར།འདི་བ་ཕྱུགས་འཚོ་ཉན་༿མཁན་༾རྒྱག་ཡས་རེད་པ།
- ཐུབ་བསྟན།ག་རེ། བ་ཕྱུགས་འཚོ་མཁན་རྒྱག་ཡས་རེད་ཨེ།
- མིག་དམར།འོང་་་་ ཤོ་འདི་བ་ཕྱུགས་འཚོ་ཉན་༿མཁན་༾གྱིས་རྒྱག་ཡས་རེད།
- ཐུབ་བསྟན།འོ་ཙི། ཁོང་གིས་དེ་འདྲའི་མཐོང་ཆུང་ལ་ཨ།
- མིག་དམར།འོང་་་
- ཐུབ་བསྟན།ཁོང་། ལྕོའོ་༿ལྕི་བ་༾སེར་སྐམ་གྱི་འོག་ལ་ཡ་མི་ཡོའོ་རེད་༿ཡོད་རེད་༾ད།
- མིག་དམར།འདི་ག་རེ་ཟེར་གྱི་རེད།
- ཐུབ་བསྟན།འདི་ག་རེ་ཟེར་གྱི་རེད་ཨེ་་་ ཧེའེ་་་ ང་ཚོའི་ཤོ་ཟེར་ཉན་༿མཁན་༾འདིའི་༿འདིར་༾ཡིན་པ་ཡིན་ན། ལོ་རྒྱུས་ཡུན་རིང་ཡོད་པས་མ་ཚད། དེ་ཡིན་ན། དཔེ་རང་གི་ཁྱད་ཆོས་ཆེན་པོ་ཡོའོ་རེད་༿ཡོད་རེད།༾
- མིག་དམར།ག་རེ། ཤོ་ལ་ཡ་ལོ་རྒྱུས་བཤད་ཡས་ཡོའོ་རེད་༿ཡོད་རེད་༾ཟེར་ཨེ།
- ཐུབ་བསྟན།ཡོད་དགོས་བྱུང་། ཁྱེད་རང་གིས་མཁྱེན་གྱི་མེད་པས།
- མིག་དམར།ཤེས་ཀྱི་མེད། ཡ་ཁྱེད་རང་ཅིག་གསུངས་དང་།
- ཐུབ་བསྟན།སྔོན་དང་པོ་ཞུས་པ་ཡིན་ན། ང་ཚོ་གེ་སར་གྱི་སྒྲུང་ནང་ལ། གེ་སར་སྟག་གཟིག་ནོར་རྫོང་འབེབ་པར་ཕེབས་པའི་སྐབས་ལ་ཡིན་ན། ལམ་བར་དུ་སྲིན་བུའི་ཤ་ཚོང་འབེབ་པའི་སྐབས་ལ་ཡིན་ན། ཨ་ཁུ་ཁྲོ་ཐུང་དང་མི་ཆུང་གཉིས་ཀྱི་ཤོ་བརྒྱབ་བྱས་ཡིན་ན། སྲིན་བུའི་ཤ་ཚོང་འབེབ་ཡས་ཀྱི།
- མིག་དམར།ཨོང་་་་ ད་འདི་ངས་གོ་མྱོང་། གོ་མྱོང་། ཨ་ཁུ་ཤོ་ལ་མགོ་འཁོར་བྱས། ཧེ་་་ རྒྱབ་ལོགས་ནས་བསྡམས་པ་རེད་ཟེར་ཡས་དེ་རེད་པས།
- ཐུབ་བསྟན།འོ་ཧའེ་་་ ཁྱེད་རང་གིས་ཏིག་ཙ་༿ཏོག་ཙམ་༾མཁྱེན་གྱིས། ད་དུང་ཡིན་པ་ཡིན་ན། སྔོན་མ་ང་ཚོའི་ལྷ་བླ་མ་ཚོ་ཡིས་ཤོ་སྐྱོན་བྱས་མོ་ལུང་གསུང་བརྟག་ཡིན་ནའི་གནང་སྲོལ་ཡོའོ་རེད༿ཡོད་རེད།༾ ད་དུང་སྔོན་མ་བོད་ཟླ་གཉིས་པའི་ཚེས་ཉི་ཤུ་དགུའི་ཉིན་མོ་འདའི་༿འདིར་༾ཡིན་པ་ཡིན་ན། ཁྱམས་རའི་སྒོ་མཆོར་འོག་ལ་བྱང་ཆུབ་གླིང་ཁང་གི་སློབ་དཔོན་དང་ཀླུ་དགོང་གཉིས་ཤོ་བརྒྱབ་བྱས་བསྡད་ཡོའོ་རེད༿ཡོད་རེད།༾
- མིག་དམར།ག་རེ་སློབ་དཔོན་དང་ཀླུ་དགོང་ཤོ་རྒྱབ་ཟེར་ཨེ།
- ཐུབ་བསྟན།ཀླུ་དགོང་གིས་ཤོ་རྒྱབ་པས་མ་ཚད། གཞས་གཏང་གི་རེད།
- མིག་དམར།ཀླུ་དགོང་གིས་གཞས་གཏང་ཤེས་ཀྱི་རེད་པས།
- ཐུབ་བསྟན།འོང་་་
- མིག་དམར།ཨ་ཙི་་་ ཀླུ་དགོང་ཟེར་ཉན་༿མཁན་༾འདི་གཞས་གང་འདྲས་ཟེར་གཏང་ག་བྱེད་ཀྱི་ཡོད་ན། ལོའོ་་་
- ཐུབ་བསྟན།གང་འདྲས་གཏང་གི་ཡོའོ་རེད་༿ཡོད་རེད་༾ཨེ།
- མིག་དམར།ཀླུ་དགོང་འདིས་གང་འདྲས་ཟེར་གཏང་ག་བྱེད་ཀྱི་ཡོད་ན་། ཨ་་་
- ཐུབ་བསྟན།ངས་གཅིག་གཏང་ག
- མིག་དམར།ཁྱེད་རང་གི་ཀླུ་དགོང་གི་ཚབ་བྱས་བྱས་ཨེ། ཡོང་ང་ཡོང་ང་།
- ཐུབ་བསྟན།འདུག་ཟེར་གཏང་གི་རེད། གཟིགས་ཨ། ཤོར་ཡང་ཨེའེ་་་་་་ཤོར་སོང་། ད་འགྲོ་རྒྱུ་ཁེལ་སོང་ངོ་།
- མིག་དམར།དཔེ་རང་རེད་ཤག གསོན་པ་རང་རེད་ཤག གསོན་པ་རང་།
- ཐུབ་བསྟན།ག་རེ། གསོན་པ་རེད་ཤག ང་ཀླུ་དགོང་གསོན་པ་རེད་ཤག་ཟེར་གྱི་ཡོའོ་རེད་༿ཡོད་རེད་༾པས།
- མིག་དམར།མ་བྱས་མ་བྱས་མ་བྱས། ཨོང་་་ ངས་བྱས་ན་གཞས་འདི་གསོན་པ་རེད་ཤག་ཟེར་གྱི་ཡོད། གསོན་པ་རེད་འདུག་གང་སྐུ་ཞབས་ཚོ། བྱས་ཙང་། ཨ་ནི་་་
- ཐུབ་བསྟན།ད་དུང་ངས་ཁྱེད་རང་ལ་ཞུས་པ་ཡིན་ན། སྔན་མ་༿སྔོན་མ་༾ང་ཚོ་ཞིང་ཁུལ་ལ།
- མིག་དམར།འོང་་་
- ཐུབ་བསྟན།ཡང་ཤོ་བརྒྱབ་བྱས།
- མིག་དམར།ཨ་ལས་་་ ཆུ་ཤོག་ཟེར་ཡས་ཅིག་་་གཅིག་ཟེར་ཡས་ཅིག་
- ཐུབ་བསྟན།འོ་ཧའི་་་ དཔེར་ན། སྙེ་མོ་མ་ས་ཁུལ་ལ། ཨའེ་་་ཨའེ་་་ བླ་ཆུ་ཟེར་ཡས་ཀྱི་ཡུར་བུ་གཅིག་ལས་མེད་པའི་རྐྱེན་གྱིས་ཡིན་བཞིན་། ལོ་ལྟར་རེ་བཞིན་ཡིན་ན། ཨ་ནི་་་ཤོ་བརྒྱབ་བྱས་ཆུ་རེས་རྒྱན་བཙུགས་ཀྱི་བྱེད་སྒོ་གཅིག་སྤེལ་གྱི་ཡོའོ་རེད་༿ཡོད་རེད་༾ཟེར།
- མིག་དམར།ཆུ་རེས་རྒྱན་བཙུགས་ཀྱི་བྱེད་སྒོ་ཨེ།
- ཐུབ་བསྟན།འོ་ཧའི་་་ དེ་དུས་ཙམ་ནས་ཤོ་རྒྱག་མཁན་དེ་ཚོ་ཅི་དག། ཕྱུ་པ་དཀར་པོ་གྱོན་ཞྭ་མོ་འབོག་ཏོ་དེ་ཚོ་གྱོན་བྱས་ཡོང་ག་བྱེད་ཀྱིས།
- མིག་དམར།ཨ་ལས་་་ ད་བྱེད་དུས་ཕྱུ་པ་དཀར་པོ་གཅིག་གྱོན་ཞྭ་མོ་འབོག་ཏོ་གྱོན། ངའི་བཟོ་འདྲ་དེ་འདྲས་བལྟས་བཟོ་དོད་པོ་༿བཟོ་ལྟ་ཡག་པོ་༾དེ་འདྲས་ཡོད་ཀྱི་རེད་ད།
- ཐུབ་བསྟན།ཨོང་་་ ཡིན་པ་ཆ་ཞོག ཡིན་པ་ཆ་ཞོག ཁོང་ཚོས་ཤོ་ཨོ་རྒྱབ་ཚར་རའི་༿བའི་༾རྗེས་སུ་ཡིན་ན། ཤོའི་ཤོ་མིག་ཆེ་ཆུང་ལ་བལྟས་བྱས་ཡིན་ན། ཆུ་རེས་དང་པོ་གཉིས་པ་ཟེར་བྱས་བྱས། བང་སྒྲིག་བྱས་བསྡད་ཀྱི་རེད།
- མིག་དམར།ག་རེ། ཤོའི་ཤོ་མིག་ཆེ་ཆུང་ལ་བལྟས་བྱས། ཆུ་རེས་དང་པོ་གཉིས་པ་ཟེར། ཨོའོ་་་ད་བྱས་ན། དེ་དུས་རྒྱག་རེ་རྒྱབ། ལྟག་སྒོ་ཟེར་ཡས་དེ་འདྲས་འགྲོ་ཡས་ཡོའོ་༿ཡོད་༾མ་རེད་པས། ཨོའོ་་་ དངོས་གནས་དཔེ་རང་ཡག་པོ་རེད་ཤག
- ཐུབ་བསྟན།བྱས་ཙང་། ཨོང་་་ ང་རས་ཤེས་པའི་ཤོའི་ལོ་རྒྱུས་ཀྱི་གནས་ཚུལ་ཡིན་ན་དེ་འདྲས་ཅིག་རེད།
- མིག་དམར།ཐུགས་རྗེ་ཆེ། ཐུགས་རྗེ་ཆེ། དངོས་གནས་ད་དུང་ཁྱེད་རང་གིས་ད་དེ་གྱད༿དེ་ཚོ་༾། དེ་གྱད་༿དེ་ཚོ་༾གསུངས་པའི་དཀྱིལ་ནས་དངོས་གནས། ང་རས་༿ང་རང་གིས་༾ཡིན་ནའི། ཤོའི་གནས་ཚུལ་ཐོག་ལ་ཡིན་ན། ཏིག་ཙ་༿ཏོག་ཙམ་༾འདི་བྱས་སོང་།
- ཐུབ་བསྟན།འོ་ཧའི་་་ ད་འོ་ན་དེང་སང་གི་གནས་ཚུལ་ཞུ་དགོས་བྱུང་ན།
- མིག་དམར།ཨོང་་་
- ཐུབ་བསྟན།དེང་སང་ཡིན་ན་ཤོ་རྒྱག་དུས་ཡིན་ན། དངོས་གནས་བཤད་ན་ཡང་ཁྱད་ཆོས་ཞེ་དྲག་ཡོའོ་རེད༿ཡོད་རེད་༾ཨ྄།
- མིག་དམར།ཁྱད་ཆོས་ག་རེ་ཡོའོ་རེད༿ཡོད་རེད་༾།
- ཐུབ་བསྟན།འདི་ཡིན་ན། དེང་སང་ཡིན་ན། ང་ཚོ་སྤྱི་ཚོགས་སྒང་ལ་ཡིན་ན། བོད་རིགས་མང་ཚོགས་ཚོས་ཀྱི་ཡིན་ན། རྩེད་མོ་རྩེ་ཡས་ཀྱི་ཨ་ནི་་་ ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅིག་རེད། འོ་ཧའི་་་ ཨོང་་་ བྱས་ཙང་། དེ་འདྲས་སོང་ཙང་ཡིན་ན། སྔོན་དང་པོ་ཆ་བཞག་པ་ཡིན་ན། ཨ་ནི་་་ཤོ་མིག་རེ་རེ་ལ་མིང་གཉིས་གསུམ་འབོད་ཡས་ཡོའོ་རེད༿ཡོད་རེད་༾།
- མིག་དམར།ག་རེ། ཤོ་མིག་རེ་རེ་ཡ་༿ལ་༾མིང་གཉིས་གསུམ་ཟེར་ཨེ།
- ཐུབ་བསྟན།འོ་ཧའི་་་
- མིག་དམར།དེ་གང་འདྲས་ཟེར་འབོད་ཀྱི་རེད།
- ཐུབ་བསྟན།དཔེར་ན། ཤོ་མིག་གསུམ་པར་ཆ་བཞག་གི་ཡིན་ན། ཙོང་། ཙོབ། སུབ། གཟབ།
- མིག་དམར།ཙོང་། ཙོབ། སུབ། གཟབ།
- ཐུབ་བསྟན།འོ་ཧའི་་་ བཞི་འདུག་གང་། ད་དུང་ཡིན་ན་ཤོ་མིག་ག་རེ་ཕབ་དགོས་མེད་ལ་བལྟས་བྱས། ཡང་ཤོ་བཤད་གཏང་།
- མིག་དམར།ཤོ་བཤད།
- ཐུབ་བསྟན།འོ་ཧའི་་་
- མིག་དམར།འོ་ན་ཁྱེད་རང་གིས་དཔེ་གཅིག་བཞག་བྱས་ཤོ་བཤད་གཏང་གནང་ན་ཡོང་བ་འདུག་གས།
- ཐུབ་བསྟན།དཔེ་བཞག་བྱས། འགྲིག་གི་རེད། འགྲིག་གི་རེད། དཔེར་ན་ང་ཚོ་བྱང་རྒྱུད་ས་ཁུལ་ལ་ཤོ་རྒྱག་དུས་ཙམ་ནས་ཡིན་ན། ཤོ་བཤད་དེ་འདྲས་ཟེར་གཏང་ག་བྱེད་ཀྱི་རེད། ཡྭ་ཁ་རེད་ཁ་རེད་ཁ་རེད་་་་་ཁ་རིལ་རིལ་མ་སྡོད་མ་ཎི་དྲོངས། མ་ཎི་ཆོས་ཀྱི་སྙིང་པོ་རེད། ཁ་ལ་ཡིན་ཀྱི་མཆོད་པ་ཟེར། ཁ་ལ་མིན་གྱི་མཆོད་པ་ཟེར། རྭ་སྒྲེང་ཁུ་དབྱུག་མཆོད་པ་ཟེར། ལྷ་སའི་བཅོ་ལྔའི་མཆོད་པ་ཟེར། གུང་ཐང་མེ་ཏོག་མཆོད་པ་ཟེར། ཡྭ་ཁ་རེད་ཁ་རེད་ཁ་རེད་་་་་འོ་དེ་འདྲས་ཟེར་གཏང་གི་རེད། ཨོང་།
- མིག་དམར།ཨའི་ཀྱེ་་་ ང་ནི་ཁོང་རང་གིས་འདུག་ཟེ་ཡ་ཁ་རེད་ཁ་རེད་་་ཅིག་ལབ་ཙང་མི། ཨ་ཕོ་རྒྱགས་པ་ར་པོ་༿འདྲ་པོ་༾གཅིག་གིས་རྩ་ཐང་འདྲ་ཅིག་སྒང་ལ་ཐུད་འདྲ་ཅིག་བཟས་བསྡད་པའི་བཟོ་ལྟའི་བཟོ་འདྲ་ཅིག་མཐོང་ཡོང་གིས།
- ཐུབ་བསྟན།འདའི་༿འདིར་༾ ལྷན་རྒྱས་གཟིགས་དང་། མིག་དམར་ལགས་ཀྱིས་ཨ་ཕོ་ཧོར་གྱིས་ཐུད་བཟས་པ་འདི་མ་གཏོགས། ཨ་ཕོ་ཧོར་གྱིས་ལ་རྒྱབ་པ་འདི་གཟིགས་མི་འདུག་གང་ཡང་། འོ་ཧའི་་་
- མིག་དམར།ད་འོ་ན་འདི་ཁྱེད་རང་གི་འདི་ད་ལྟ་འབྲོག་ཁུལ་གྱི་ཁྱད་ཆོས་རེད་པཱ།
- ཐུབ་བསྟན།འོ་རེད་རེད་རེད།
- མིག་དམར།འོ་ན་ང་རང་ཚོའི་ཞིང་ཁུལ་ལ་ཡ་ཤོ་རྒྱབ་དུས་ཁྱད་ཆོས་ཡོའོ་རེད་༿ཡོད་རེད་༾པས། ཁྱད་ཆོས་ག་རེ་ཡོའོ་རེད༿ཡོད་རེད་༾།
- ཐུབ་བསྟན།སྔོན་དང་པོའོ་ཡིན་པ་ཡིན་ན། ཆང་རྦད་ལེབ་༿ཆང་སྣོད་ཞིག་༾གང་གཅིག་འདིར་བཞག་བྱས།
- མིག་དམར།ཆང་རྦད་ལེབ་གང་། འོང་འོང་་་་
- ཐུབ་བསྟན།དེ་འདྲས་ཅིག་ལ་ཡང་ཤོ་བཤད་གཏང་ཡས་ཡོའོ་རེད༿ཡོད་རེད་༾།
- མིག་དམར།ཤོ་བཤད་གང་འདྲས་ཟེར་གཏང་ག་བྱེད་ཀྱི་རེད།
- ཐུབ་བསྟན།ཤོ་བཤད་ཨེན་་་ འདུག་ཟེར་གཏང་གི་རེད། ཆུ་ཆུ་་་་་་་་དབྱར་ཆུ་དབྱར་གྱི་ཆུ། དགུན་ཆུ་དགུན་གྱི་ཆུ། རྫ་མོ་རོང་གི་ཆུ། དེ་རིང་ངའི་ཆུ། སང་ཉིན་ཁྱེད་རང་གི་ཆུ། ལྡིང་ཁུང་ཆུ་མིག་ནང་ནས་ཆུ་ཞིག་ལེན་བྱས། ལྷ་སའི་ཇོ་བོ་ལ་ཡོན་ཆབ་ཅིག་ཕུལ་ལོ།
- མིག་དམར།ཨའི་ཀྱེ་་་ ཤོ་བཤད་འདི་ཡང་བསྐལ་པ་བཟང་པོ་འདྲ་ཅིག་གཏང་གནང་སོང་ང་། ད་དུང་ག་རེ་ཡོའོ་རེད༿ཡོད་རེད༾།
- ཐུབ་བསྟན།ལགས། ད་དུང་ཡིན་ན། ཨེན་་་ ཤོ་བཤད་ངར་པོ་དང་། འཇམ་པོ། ཟུར་ཟ་སོགས་ཀྱི་སྨྲ་འབེབ་ཀྱི་ཤོ་བཤད་གཏང་བྱས་ཡིན་ན། གང་ལྟར་དགོད་བྲོ་པོ་ཞེ་པོ་ཅིག་ཡོའོ་རེད་༿ཡོད་རེད་༾ཁོང་།
- མིག་དམར།ག་རེ། ཟུར་ཟ་སྨྲ་འབེབ་བྱས་བྱས་༿ནས་༾དགོད་བྲོ་པོ་ཞེ་པོ་བྱས་བྱས། ད་བྱས་ན་ཏག་ཏག་བྱུང་། དེ་རིང་ཡིན་ན་ང་ཁྱེད་རང་དང་ཤོ་གཅིག་མ་ཚད་པར་འགྲིག་མ་སོང་།
- ཐུབ་བསྟན།ག་རེ། ང་རང་གཉིས་ཤོ་རྒྱག་གི་ཡིན་ཨེ།
- མིག་དམར།འོང་། ཤོ་གཅིག་རྒྱག་གི་ཡིན།
- ཐུབ་བསྟན།འགྲིག་གི་རེད། འགྲིག་གི་རེད། ཡིན་ནའི་ཤོ་བཤད་གཏང་ཡས་མེད་ན་ང་ཤོ་རྒྱག་གི་མིན་ཁོང་།
- མིག་དམར།ཤོ་བཤད་གཏང་དགོས་རེད་པས།
- ཐུབ་བསྟན།འོང་།
- མིག་དམར།འགྲིག་གི་རེད་ཁོང་། ལྷན་རྒྱས་ཚོར་ཞུ་རྒྱུར། ངས་ཤོ་བཤད་རྙིང་པ་ད་གཏང་ཤེས་ཀྱི་མེད། ཡིན་ནའི་ཤོ་བཤད་གསར་པ་ཁག་ཅིག་གཏང་བྱས། ཐུབ་བསྟན་ལགས་ཀྱི་འདའི༿འདིར་༾གཟིགས་དང་། དབུ་དམར་པོ་འདི་ནས་རྔུལ་ནག་༿རྔུལ་ཆུ་༾ཐིགས་པ་རྒྱག་དགོས་ཅིག་བཟོས་དགོས། ངས་དེ་རིང་ཡིན་ན། ཧ་ཧ་་་་། དཀོན་མཆོག།
- ཐུབ་བསྟན།འགྲིག་གི་རེད་ཁོང་། དེ་འདྲས་ཁྱེད་རང་ལ་ངར་ངར་འཕེལ་འཕེལ་དེ་འདྲས་གནང་ཡས་ཡོད་ན་འགྲིག་གི་རེད་ཁོང་། སྔ་དྲོ་ཆེ། དགོང་དྲོ་ཆུང་། ཟེར་འདི་ཁྱེད་རང་གི་མཁྱེན་གྱི་ཡོད་ཤག
- མིག་དམར།ཧ་ཧ་ཧ་་་་་་སྔ་དོག་༿སྔ་དྲོ་༾གྲོད་ཁོག་ཆེ་དང་དགོང་དག་གྲོད་ཁོག་ཆུང་ང་སུས་བལྟ་གི་རེད།
- ཐུབ་བསྟན།འོ་ཧའི་་་ བྱས་ཙང་འདའི་༿འདིར་༾མཁྱེན་གྱི་མི་འདུག་གང་། འདི་གྲོད་ཁོག་ཆེ་ཆུང་ཟེར་གྱི་ཡོའོ་༿ཡོད་༾མ་རེད་ད། འདི་ཤོ་སྔོན་ལ་སུས་རྒྱབ་དགོས་མེད་ཀྱི་ལུགས་སྲོལ་གཅིག་རེད།
- མིག་དམར།ཤོ་སྔོན་ལ་སུས་རྒྱབ་དགོས་མེད་ཀྱི་ལུགས་སྲོལ། ཨ་ལས་་་ འོ་རེད་རེད་རེད། ཤོ་སྔན་ལ་༿སྔོན་ལ་༾ལོ་ཆུང་བ་བལྟས་བཟོ་དོད་པོ་༿བཟོ་ལྟ་ཡག་པོ་༾ངའི་བཟོ་འདྲ་དེ་འདྲས་ཀྱིས་རྒྱག་ག་བྱེད་ཀྱི་རེད།
- ཐུབ་བསྟན།འོ་རེད་རེད་རེད། ད་འོ་ན་ཁྱེད་རང་སྔོན་ལ་འགོ་བཙུགས་གནང་ཞིག
- མིག་དམར།གསན་ཨ།
- ཐུབ་བསྟན།འོང་།
- མིག་དམར།ལྟས་་་་་ ཤོ་དང་པོ་ང་ཡིས་བཙུགས། རྒྱན་ཚང་མ་ངས་བཟས།
- ཐུབ་བསྟན།ཤོ་འགོ་བཙུགས་ལོང་མེད་པར་རྒྱན་ཚང་མ་ངས་བཟས་ཟེར་གྱིས། མར་རྟགས་གླད་༿གློད་༾ཚར་སོང་ང་། གཟིགས་དང་།
- མིག་དམར།ཨའ་་་ཨ་ནི་ཁྱེད་རང་ཤོ་རྒྱག་དུས་ག་རེ་བཤད་ཀྱི་ཡོད།
- ཐུབ་བསྟན།ཧེ་ཧེ་་་ ཁྱེད་རང་གསན་ཞིག ཤོ་པ་ར་ལ་པ་ར་རྒྱབ་སོང་མ་གསུངས་ཨ། པ་རའི་སྐད་ཆ་སྙན་པོ་འདི་ཁྱེད་རང་གསན་ཞིག པ་ར་ཤོག པ་ར་ཤོག་་་་་་་་་་སྔན་༿སྔོན་༾མ་སོང་། ཕྱིས་མ་སོང་། དགྲ་ལག་འོག་ནས་ཐར་མ་སོང་ང་།
- མིག་དམར།ཨའེ་་་ བཞུགས་ཤིག་་་་་་་བཞུགས་ཤིག འཛུགས་ཁར་པ་ར་རྒྱག་མདོག་མེད། ཤི་ཁར་མནའ་མ་ལེན་མདོག་མེད།
- ཐུབ་བསྟན།ཧེ་ཁོང་། པ་ར་དཔལ་འབར་བཀྲ་ཤིས་རེད། རྒྱག་ཉན་༿མཁན་༾ཤོ་པ་ཐུབ་བསྟན་རེད།
- མིག་དམར།ཤོ་པ་རས་འཁྲབ་ན་འཁྲབ་པ་རེད། རྒན་ཐུབ་བསྟན་ལགས་ཀྱིས་འཇོན་གྱི་མ་རེད་ད།
- ཐུབ་བསྟན།ག་རེ། ངས་འཇོན་གྱི་མ་རེད་ཟེ་ཨེ། ཧའེ་་་ཁོང་། སུག་མཐིལ་དཀར་པོའི་ཐུག་པ་འདི་མིག་དམར་ལགས་སུ་ལྗགས་གང་བཀྱག་ཡོད་དོ།
- མིག་དམར།ལགས། སུག་མཐིལ་དཀར་པོའི་ཐུག་པ་བཏུང་པ་ལས། ཕྱུར་ཞིབ་རྒྱབ་བྱས་ཇ་ལྡུར་བལྡག་ན་དགའ་གི་རེད།
- ཐུབ་བསྟན།ཟིན་༿འཛིན༾ད་མང་པོ་ཟིན་མྱོང་དེ། རྒྱ་བཟའི་རྣམ་ཐར་ཟིན་མ་མྱོང་བྱས་པ་རེད།
- མིག་དམར།ཟིན་༿འཛིན༾ད་མང་པོ་ཟིན་མྱོང་དེ། ཙི་ཙིའི་པུ་གུ༿ཕྲུ་གུ་༾ཟིན་མྱོང་མེད།
- ཐུབ་བསྟན།ཙི་ཙིའི་པུ་གུ་༿ཕྲུ་གུ་༾སྙིང་རྗེ་ཡང་། རྒན་ལོངས་ནས་རྩམ་ཁུག་དབྲལ་ཉན་༿མཁན༾རེད། བྱས་པ་རེད།
- མིག་དམར།ག་གའི་བྱེད་ཀྱི་མ་རེད། ཙི་ཙིའི་དཔོན་པོ་ཞི་མི་རེད། ཞི་མིའི་དཔོན་པོ་ང་རང་ཡིན།
- ཐུབ་བསྟན།ཙི་ཙི་ཙི་ཙི་མ་ཟེར་ལགས། ཁྱེད་རང་ཙི་ཙིའི་རྒྱུད་རྩ་རེད། བྱས་པ་རེད་ཁོང་།
- མིག་དམར།ང་ཙི་ཙིའི་རྒྱུད་རྩ་གང་འདྲས་ཟེར་ཨ་ནི་་་
- ཐུབ་བསྟན།ཧེ་་་ ཡིན་དགོས་བྱུང་། ཁྱེད་རང་གི་ལོ་རྟགས་ག་རེ་རེད་ཨ་ནི་་་ ལྷན་རྒྱས་ཚོ་ལ་ཞུས་གནང་དང་།
- མིག་དམར།ངའི་ལོ་རྟགས། ཧ་ཧ་ཧ་་་་་་་ཨོང་། གླང་གི་སྒང་མ་དང་། ཕག་གི་འོག་མ་བར་རྩ་ལ་འདའི་༿འདིར་༾ཡོའོ་རེད༿ཡོད་རེད༾།
- ཐུབ་བསྟན།ཧ་ཧ་་་། ཨ་ལས་་་ འོ་རེད་རེད། ང་ཚོའི་མིག་དམར་ལགས་ཀྱི་ལོ་རྟགས་ཙི་ཙི་མ་རེད།
- མིག་དམར།ལགས། ཙི་ཙི་མ་རེད།
- ཐུབ་བསྟན།བྱི་བ་ཟེར་ཡས་འདི་རེད། བྱི་བ།
- མིག་དམར།ལགས། གང་ལྟར་གང་བྱས། ང་རང་ཚོའི་གློག་བརྙན་ནང་ལ་མིའི་ལའོ་ཧྲུའུ་༼རྒྱ་སྐད་ཡིན།ལྟད་མོའི་ནང་གི་ཙི་ཙི་ཞིག་གི་མིང་༽བྱས། སྙིང་རྗེ་པོ་གཅིག་མི་འདུག་གས། འོ་འདི་ཡིན་པ་འདྲ།
- ཐུབ་བསྟན།སྐོམ་པ་ཁྱེར་ནས་ཚོགས་ལ་ཤོག དེ་རིང་ཚོགས་ལ་སྤོར་ཆང་ཡོད་བྱས་པ་རེད།
- མིག་དམར།རྐོ་གདན་སྤུ་མེད་གདན་ལ་བཏིང་། ཞ་ལའི་༿ཞལ་བ་༾སྒང་ལ་རྒྱབ་ར་བཀྲག་བྱས།
- ཐུབ་བསྟན།གྲུ་པས་་གྲུ་པ་མ་གཏོགས་པར། ཌ་རུའི་གསུམ་བཀྱག་བཞག་རོགས་གྱིས།
- མིག་དམར།གྲུ་པ་མ་འགྲོ་ཀ་མེད་རེད། གྲུ་པ་གསོལ་གྲོད་སྟོང་པ་རེད།
- ཐུབ་བསྟན།རི་ལྡིང་ལྡིང་གླ་བ་ཉལ་ས་རེད། གླ་བ་ཉལ་དྲག་ན་ཤི་ས་རེད། བྱས་པ་རེད།
- མིག་དམར།ཨ། རི་པིན་དམག་མི་རི་ལ་ཕྱིན། རི་ལ་ཕྱིན་ན་བཟའ་ཀེ་ཀེ་་་་
- ཐུབ་བསྟན།ག་རེ། རི་པིན་དམག་མི་རི་ལ་ཕྱིན་བྱས་ག་རེ་བྱེད་ག་འགྲོ་གི་ཡོའོ་༿ཡོད་༾རེད་པས།
- མིག་དམར།ད་གིན་ཁྱེད་རང་གིས་གསུངས་ཡས་ཀྱི་གླ་གཡག་གི་ཤ་དེ་བཟའ་གག་ཕྱིན་པ་རེད།
- ཐུབ་བསྟན།ཨ་ལས་་་ ཤ་བཟའ་གག་ཨེན། ཤ་ཞིམ་པོ་རུས་པའི་གསེང་ལ་ཡོད། དེ་དཔོན་ལ་མ་རག་གཡོག་ལ་རག་བྱས་པ་རེད།
- མིག་དམར།ཨོའོ་་་ ཤ་ཞིམ་པོ་ཁྲོམ་གཟིགས་ཁང་ལ་འདུག དངུལ་མེད་ན་མིག་གི་ལྟད་མོ་རེད་ཤག་བྱས་པ་རེད།
- ཐུབ་བསྟན།དགུང་མཐོ་བ་ལྕང་ལོ་ཅན་པ་རེད། དེའི་འོག་ལ་ཧོར་ཁང་ཛ་སག་རེད།
- མིག་དམར།ཨ་་་ དགུང་མཐོ་པོ་ཉི་མ་ཟླ་བ་རེད། དེའི་འོག་ལ་ཨ་ཕོ་མིག་དམར་ཡིན་བྱས་པ་རེད།
- ཐུབ་བསྟན།ག་རེ། ཁྱེད་རང་ཡིན་ཟེར་ཨེ།
- མིག་དམར།ཨ་་་ ཡིན་དགོས་བྱུང་།
- ཐུབ་བསྟན།གང་འདྲས་ཟེར།
- མིག་དམར།ལགས་གསུངས་དང་། བཟའ་ཉི་མ་ཟླ་བ་གཞུག་གུར་༿རྗེས་ལ་༾ང་མིག་དམར་འགྲོ་དགོས་རེད་འགྲོ་དགོས་མ་རེད།
- ཐུབ་བསྟན།འོ་ཙི་་་ ཁོང་རང་ཁོང་རང་ཡར་ཞེ་པོ་བཀྱག་ག་བྱས་སོང་།
- མིག་དམར།བྱས་ཙང་། དེ་ཞག་༿དེང་སང་༾མི་སུ་ཡིན་ནའི་ང་རང་ཡིན་ཟེར་མཁན་ཀྱང་ཀྱང་རེད།
- ཐུབ་བསྟན།གུང་ཐང་ལ་འགྲོ་མྱོང་ངས། མི་ལ་རས་པ་མཇལ་མྱོང་ངས་བྱས་པ་རེད།
- མིག་དམར།འོ་ད་་་ གུང་ཐང་ལ་འགྲོ་མ་མྱོང་། སྒུ་ཙ་ལའི་༿ལ་ཡང་༾འཛུལ་མ་མྱོང་བྱས་པ་རེད།
- ཐུབ་བསྟན།ག་རེ། སྒུ་ཙར་འཛུལ་མ་མྱོང་། ཐུའི་་་ ད་དེ་འདྲས་ཕངས་པོ་རེད།
- མིག་དམར།ཡྭ་་་ ང་སྒུ་ཙར་འཛུལ་མ་མྱོང་བྱས་ཙང་ཁོང་རང་།
- ཐུབ་བསྟན།ཨ་ལས་་་ ངས་ཁྱེད་རང་སྒུ་ཙར་ཟེར་གྱི་མེད།
- མིག་དམར།འོ་ན།
- ཐུབ་བསྟན།མི་ལ་རས་པ་མཇལ་མ་མྱོང་ཙང་། ཕངས་གོ་༿པོ་༾རེད་ཟེར་གྱི་ཡོད།
- མིག་དམར།མི་ལ་རས་པ། ཨ་་་ ད་འདི་ང་རའི་༿ང་རང་གི་༾པད་ཁོག་༿དཔྲལ་བ་༾སྐམ་པོ་ཡིན་ཙང་བྱས་པ་རེད་པཱ་ལགས།
- ཐུབ་བསྟན།ཆུ་ཟོམ་རྒྱབ་ལ་འཁྱེར་བའི། ཏོབ་སྒྲ་ཡ་ལ་གཟིགས་དང་། ཨ་ཅག་ཡིད་འཕྲོག་ལྷ་མོའི་སྐེད་གཟེར་ཡ་ལ་གཟིགས་དང་། བྱས་པ་རེད།
- མིག་དམར།ཆུ་ཟོམ་སྒལ་པར་འཁྱེར་བྱས་སྐེད་གཟེར་བཞག་རོགས་གནང་དང་། ནང་ལ་ཨ་མ་བཞག་བྱས་ལྟད་མོ་ལྟ་ལོང་མི་འདུག་ལ།
- ཐུབ་བསྟན།ཕྱུ་པ་དཀར་པོ་ཨ་མས་གཡོགས། མིང་ལ་སྐྱ་རིལ་ཨ་མས་བཏགས་བྱས་པ་རེད།
- མིག་དམར།ཕྱུ་པ་དཀར་པོ་འདི་གཡོགས་བྱས་གླང་ཁོག་བསྐྱོན་བྱས་རྒྱང་འབུད་གཏོང་།
- ཐུབ་བསྟན།ག་རེ། གླང་ཁོག་ལ་བསྐྱོན་བྱས་རྒྱང་འབུད་གཏོང་ཟེ་ག་རེ་ཟེར་གྱི་རེད།
- མིག་དམར།དེ་ཞག་༿དེང་སང་༾སྤྱི་ཚོགས་སྒང་ལ་འདྲ་མ་འདྲ་བྱེད་མཁན་མི་ཁག་ཅིག་མི་འདུག་གས། དེ་ཚོའི་གྲས་དེ་གླང་ཁོག་དམར་པོ་ཅིག་ལ་བསྐྱོན་བྱས་རྒྱང་འབུད་གཏང་ན་ཕན་པོ་ཡོའོ་རེད༿ཡོད་རེད་༾།
- ཐུབ་བསྟན།ཨ་ལས་་་ ཐོ་རངས་ལངས་ནས་གང་བྱེད་ག རྔ་གཤང་དཀྲོག་ནས་གང་བྱེད་ག་བྱས་པ་རེད།
- མིག་དམར།ཐོ་རངས་ལངས་ནས་སྦིད་པ་བཞོན། རྔ་གཤང་དཀྲོག་བྱས་ཞབས་བྲོ་རྒྱབ།
- ཐུབ་བསྟན།ག་རེ། ཁོང་རང་ཞོགས་གས་༿ཞོགས་པ་༾ཡར་བཞངས་༿བཞེངས་༾བྱས། རྐང་སྒ་རིལ་༿རྐང་འཁོར་༾མ་བཞོན་པ་བྱས། སྦིད་པ་བཞོན་བྱས་འགྲོ་གི་ཡོད་པ་འདྲ་ཧེ་ཧེ་་་་
- མིག་དམར།དེ་འདྲས་མ་རེད་ད། དེ་ཞག་ང་ཚོ་ལྷ་སའི་ནང་ལ་ཡ་རྐང་སྒ་རིལ་༿རྐང་འཁོར༾བརླག་ཡས་འདི་མང་པོ་ཞེ་པོ་ཅིག་འདུག་གང་། དེ་ལས་སྦིད་པ་གཅིག་བཞོན་ན་མ་བརླག་པ་ཚ་མེད་འགྲོའོ་བསམ་གྱིས།
- ཐུབ་བསྟན།ཨ་ལས། ཧ་ཧ་་འཇང་ལས་ཆུ་ཤུར་སྐྱིད་པ། སྤགས་ལས་མོག་མོག་ཞིམ་པ་བྱས་པ་རེད།
- མིག་དམར།འཇང་ལས་སྙེ་ཐང་དགའ་བ། བུ་ལས་བུ་མོ་མཛེས་པ་བྱས་པ་རེད།
- ཐུབ་བསྟན།ཆམ་མདོ་བར་དུ་འགྲོ་རྒྱུ་ཡིན། དེ་ནས་བུ་མོ་བཞག་རྒྱུ་ཡིན་བྱས་པ་རེད།
- མིག་དམར།བུ་མོ་ཆམ་མདོར་བཞག་ནུས་ས། ང་རའི་༿ང་རང་གི་༾མནའ་མར་ལེན་གྱི་ཡིན།
- ཐུབ་བསྟན།ག་རེ། ཁྱེད་རང་གི་མནའ་མར་ལེན་གྱི་ཡིན་ཟེར།
- མིག་དམར།འོང་།
- ཐུབ་བསྟན།འོ་ཙི་་་ཁོང་རང་ནི་གཅིག་གི་སྒང་ལ་གཉིས།
- མིག་དམར།ཨོའོ་་་ མ་བྱས་མ་བྱས་ངས་ནོར་པ་རེད། ངའི་བུའི་མནའ་མར་ལེན་གྱི་ཡིན་ཟེར།
- ཐུབ་བསྟན།ཨ་ལས་་་ འོང་་་ ད་ཁྱེད་རང་གསན་ཨ། ད་ངས་གཤམ་ལ་ཁྱེད་རང་ལ་ཤོ་མིག་གཉིས་གཉིས་བྱས་བྱས་༿ནས་༾དྲི་བ་གཅིག་འདོན་གྱི་ཡིན།
- མིག་དམར།ཤོ་མིག་གཉིས་གཉིས་སྦྲེལ་བྱས།
- ཐུབ་བསྟན།འོང་་་ སྦྲེལ་བྱས། འོང་། ཁྱེད་རང་ངར་ཤོ་མིག་གཉིས་སྦྲེལ་བྱས་ལན་བསྐྱོན་ཐུབ་པ་འདུག་གས།
- མིག་དམར།འོ་ད། ཁྱེད་རང་ཤོ་མིག་གཉིས་མ་དགོས་གསུམ་གསུངས་ནའི་གསུངས་ཤིག ངས་ལན་རྒྱབ་ཆོག
- ཐུབ་བསྟན།ཨོང་འོང་ཨོའོ་་་ ད་འོ་ན་ཡིན་ད།
- མིག་དམར།ལས་སེ་༿ལགས་སོ་༾།
- ཐུབ་བསྟན།སྤ་ཕྲུག་བཙོངས་ནས་མཆོད་ཆང་ཞུས། བུ་མོའི་སེམས་ནད་དེ་ནས་སངས།
- མིག་དམར།བུ་མོའི་སེམས་ནད་དེ་ནས་སངས་ཨེ། འོ་རེད། འོ་རེད། གསན་ཨ། སྤ་ཕྲུག་མེད་ན་མྱང་ཞྭ་གྱོན་བྱས་པ་རེད། པོག་སྐྲ་༿སྐྲའི་བཟོ་སྟངས་ཤིག༾མེད་ན་སུ་ལུ་བཟོས་བྱས་པ་རེད། གང་ལྟར་ཆ་ཆ་རྐྱང་རེད།
- ཐུབ་བསྟན།ཨོའོ་་་ གསེར་ཀོང་རྡིབ་སོང་དམ་ཆོས་པད་མ་ལགས། ཡ་ཁུང་རྡིབ་སོང་སྐུ་ཞབས་མིག་དམར་ལགས་བྱས་པ་རེད།
- མིག་དམར།ཨོང་་་ གསེར་ཁུང་རྡིབ་ན། སྐམ་པས་གསོ་ཟེར། ཡ་ཁུང་རྡིབ་ན་ཕུ་མདའ་རྒྱབ།
- ཐུབ་བསྟན།ཕུ་མདའ་རྒྱབ་ནས་ག་རེ་བྱེད་དགོས་རེད།
- མིག་དམར།ཁྱེད་རང་གི་འདའི་༿འདིར་༾གཟིགས་དང་། ཡ་མ་ཀོང་དོང་འདའི་ཕུ་མདའ་རྒྱབ་ན་ཡར་བསྲང་ཡོང་གི་རེད།
- ཐུབ་བསྟན།ཨ་ལས་་་ མིག་དམར་ལགས་གྲོད་ཁོག་ལྟོགས་དུས་ཙམ་ནས། ཕུ་མདའ་རྒྱབ་བྱས་ཡར་གྲོད་ཁོག་ཁངས་༿ཁེངས་༾པ་བཟོ་གི་ཡོའོ་རེད་༿ཡོད་རེད་༾།
- མིག་དམར།ཧ་ཧ་་་འདི་འདྲ་ལུགས་སྲོལ་ག་པར་ཡོའོ་རེད༿ཡོད་རེད་།༾
- ཐུབ་བསྟན།སྡེ་དྲུག་བླ་བྲང་གི་མེ་སེར་ཡིན་པས་སྣ་ཐག་སེན་མོ་གང་བསྟེར་རོགས་གནང་། བྱས་པ་རེད།
- མིག་དམར།སྡེ་དྲུག་བླ་བྲང་གི་མེ་སེར་ཡིན་པས། སྡེ་དྲུག་བླ་བྲང་གི་མེ་སེར་ཡིན་པས་སྣ་ཐག་སེན་མོ་་་་ ཨ་་་ཡོང་ང་ཡོང་ང་། ཁྱེད་རང་གི་འདི་ངས་རྒྱ་སྐད་རྒྱབ་བྱས་བཤད་དགོས།
- ཐུབ་བསྟན།ཨོང་་་གང་འདྲས་ཟེར།
- མིག་དམར།ཚུར་རྒྱ་སྐད་ལ་བསྒྱུར་བྱས། སྡེ་དྲུག འོ་ཧྲི་ཕྱི་ལེའུ་ཏ་ནུ་ལི་སྦི་གཡན་ཡི་སི་སི་དགེ་ལོ་༼རྒྱ་སྐད་ཀྱི་སྒྲ་ཙམ་ཕབ་པ་ཡིན། འདི་གོང་གི་སྐད་ཆ་དུམ་བུ་དེ་ཡིན།༽ཟེར་ན།
- ཐུབ་བསྟན།ཨོང་་་་་་ ཤ་རྡོག་བཟས་ན་སྔགས་པའི་དགེ་ཕྲུག་བྱེད་༿གྱིས་༾། སྔགས་པ་སོ་མེད་གཅིག་གི་དགེ་ཕྲུག་བྱེད༿གྱིས་༾། བྱས་པ་རེད།
- མིག་དམར།ཤ་རྡོག་བཟས་བྱས་མིད་པ་ཆུད། རྩིག་ཁུག་ཕ་གའི་༿ཕ་གིར་༾སྐྱུག་པ་ཤོར།
- ཐུབ་བསྟན།རྩིག་ཁུག་སློང་མཁན་ཀྱི་བསྡད་ས་རེད། སློང་མཁན་སློང་ནག་གི་བསྡད་ས་རེད། བྱས་པ་རེད།
- མིག་དམར།རྩིག་ཁུག་ལ་བསྡད་དུས་ཚ་ལེ་རེད། སེ་ར་ཤར་ལ་འགྲོ་ལེ་རེད།
- ཐུབ་བསྟན།བྲག་སྟོད་ཆུ་ལ་རྐོ་བ་དང་། མཉན་དཔོན་ལགས་ཡང་༿ཀྱང་༾ག་ལེ་བཞུགས།
- མིག་དམར།རྟ་ལུག་སྤྲེལ་དང་བྱ་ཁྱི་ཕག། བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ། ཤོ་གདན་ཤོ་པ་ང་ལ་ཧབ་༿རག་པའི་དོན་༾བྱས་པ་རེད།
- ཐུབ་བསྟན།ཏིག་ཙ་༿ཏོག་ཙམ་༾བཞུགས། ཏིག་ཙ་བཞུགས། ད་ལྟ་ཁྱེད་རང་ལ་ཐོན་མེད་པ།
- མིག་དམར།ལ་མ་ཐོན་ན་ཁྱེད་རང་ག་རེ་གནང་ཡས་ཡོད།
- ཐུབ་བསྟན།གལ་སྲིད་ངས་པ་ར་གསུམ་རྒྱབ་སོང་ན་ག་རེ་བྱེད་ག
- མིག་དམར།པ་ར་གསུམ་ཨེ།
- ཐུབ་བསྟན།འོང་།
- མིག་དམར།འགྲིག་གི་རེད། འོང་། ཁྱེད་རང་ཁྲོམ་ལ་ཕེབས་བྱས་བི་ཆུའུ་༼སྦི་རག་གི་རྒྱ་སྐད་༽ཤེལ་དམ་གང་གཟིགས་ཕེབས་དང་། འོང་། པ་ར་གསུམ་རྒྱབ་སོང་ན། ངས་ཁྱེད་རང་ལ་ཡ་པར་ཆང་བླུགས་དགོས།
- ཐུབ་བསྟན།འོང་། འགྲིག་གི་རེད་འགྲིག་གི་རེད། ངས་པ་ར་གསུམ་རྒྱབ་བྱས། པར་བཤད་ཆ་ཚང་གཅིག་གཏང་སོང་ན་ཨ་ནི་་་ཁྱེད་རང་ག་རེ་བྱེད་ག
- མིག་དམར།པར་བཤད་ཆ་ཚང་གཅིག་ཨེ། ཁྱེད་རང་གིས་པ་ར་གསུམ་སྒང་ལ་ཡ་ཤོ་བཤད་ཆ་ཚང་་རྒྱབ་ཐུབ་སོང་ན་ཨེ། འོ་ད་ཁྱེད་རང་གི་པར་བཙག་༿སྒྲ་འདོན་སྟངས་འཁྲུག་པ་མིན་ནམ་སྙམ།པ་ར་༾རྒྱབ་བྱས། ཤོ་བཙག་༿ཤོ་བཤད་༾རྒྱབ་བྱས། ཤོ་བཤད་ཆ་ཚང་གཅིག་རྒྱབ་ཐུབ་སོང་ན། ངས་ཁྱེད་རང་སྒལ་པར་འཁྱེར་བྱས་ཤར་ཀྱག་སེ་ར་ཤར་བར་དུ་བསྐྱལ་རོགས་བྱེད་དགོས།
- ཐུབ་བསྟན།ག་རེ། ང་སྒལ་པར་འཁྱེར་བྱས་སེ་ར་ཤར་ལ།
- མིག་དམར།ཨོ་་་ སེ་ར་ཤར་བར་དུ་བསྐྱལ་རོགས་བྱེད་དགོས།
- ཐུབ་བསྟན།ད་ཁྱེད་རང་མར་རྟགས་གླད་༿གློད་༾ཚར་སོང་ཡང་།
- མིག་དམར།མར་རྟགས་གང་འདྲས་ཟེར།
- ཐུབ་བསྟན།ང་སེ་ར་ཤར་ལ་བསྐྱལ་སོང་ན། ངའི་རྒྱུ་དེ་གྱད་༿དེ་ཚོ་༾འགང་ག་༿ཚང་མ་༾ཁོ་རང་བཟའ་དགོས་བསམ་པ་རེད།
- མིག་དམར།ད་མི་ལྟོགས་པར་ཁྱི་སྐྱུག་པའི་རེ་བ་མེད། དེ་ལས་ཁྱེད་རང་ངར་ཤོ་བཏང་གཏང་གནང་དང་།
- ཐུབ་བསྟན།འོང་། འགྲིག་གི་རེད་འགྲིག་གི་རེད། ད་ཁྱེད་རང་གསན་ཨ། པར་གཟུགས་རྩིས་ག་གྲུ་རིལ་མ། བརྒྱད་དགུ་ཆུ་མདོག་ལྕོག་མོ་ལྗང་། ཤོ་དང་ཤོ་ཕོར་ང་ལ་ཧབ༿རག་༾ རྒྱན་དང་རྟ་པ་ང་ལ་ཧབ། སྤྲད་རྒྱུ་ཡོད་ན་ཆ་ཚང་སྤྲོད། སྤྲད་རྒྱུ་མེད་ན་སྤུས་མོ་བཙུགས།
- མིག་དམར།ག་རེ། སྤུས་མོ་བཙུགས་ཨེ། ཨ་ལའི་བཞུགས་ཞིག ཨ་ལའི་བཞུགས་ཞིག ཁྱེད་རང་གསན་ཞིག འཁྲབ་རྒྱུ་ལ་པ་ཊ་འཁྲབ་སོང་དེ་ ཤོར་རྒྱུ་ལ་སྐྱུག་པ་ཤོར་སོང་ང་། འཁྲིད་འཁྲིད་ལ་སྤལ་སྤལ་༿བིའུ༾འཁྲིད་སོང་དེ། བཞག་བཞག་འདི་ར་བཟི་བཞག་བྱུང་ང་། ཤོ་པས་རང་ཚོད་མ་ཟིན་ན། ཤོ་ཕོར་མགོ་ལ་བཟེད་ཡོང་ང་། ཤོ་གདན་སྒལ་པར་འཁྱེར་ཡོང་ང་། སྒྲོམ་བུ་ཁ་ལ་བཞག ལྟག་ཁུང་ས་ལ་རྡབ་ཡོང་ང་བྱས་པ་རེད་ཁོང་།
- ཐུབ་བསྟན།འོ་ཙི་་་ མིག་དམར་ལགས་ཀྱི་འདི་འདྲའི་ང་རྒྱལ་ལ།
- མིག་དམར།ང་ང་རྒྱལ་སྐྱེས་དགོས་ཁྱེད་རང་གིས་བཟོས་གནང་སོང་ང་། མི་ཏོམ་རྣམས་༿ཧ་ཅང་མང་བའི་དོན༾འདི་གྱད་༿འདི་ཚོ་༾འདིའི་དཀྱིལ་ལ། སྤུས་མོ་བཙུགས་ཟེར་ག་རེ་ཟེར་གྱི་རེད་ཨ་ནི་་་
- ཐུབ་བསྟན།འ་ཙི་་་འདི་ངས་ཁྱེད་རང་ལ་སྐུ་རྩེད་ཞུས་པ་ཡིན།
- མིག་དམར།བྱས་ན། ངས་ཁྱེད་རང་ལ་སྐུ་རྩེད་ཞུ་ག་བྱས་པ་ཡིན། ལོའོ་་་ བྱས་ན་ང་གཉིས་གཉིས་གུ་ཐུག་གཏང་གནང་ན་རེད་པཱ་ལགས།
- ཐུབ་བསྟན།ཤོ་ཤོར་བ་ཀུན་ལ་དར་ལེ་རེད། རྒྱན་བཙུགས་པ་ཁྲིམས་དང་མཐུན་ལེ་མིན་ཟེར།
- མིག་དམར།ཤོ་པ་ར་ཟེར་བའི་རྩེད་མོ་འདི། བོད་ཁ་བ་ཅན་ནས་དར་ལེ་རེད།
- ཐུབ་བསྟན།ཤོ་པ་རའི་པར་ཆང་དང་པོ་དེ།
- མིག་དམར།དཀོན་མཆོག་གསུམ་གྱི་ཞལ་ལ་ཕུལ།
- ཐུབ་བསྟན།དེ་ནས་པ་ར་རྒྱབ་སོང་ན།
- མིག་དམར།པར་ཆང་ང་རས་བཏུང་གི་ཡིན།
- ཐུབ་བསྟན།བཀྲ་ཤིས་པ་ར་འཁྲབ་རྒྱུ་ཡིན། པ་རའི་པར་བཤད་གཏང་རྒྱུ་ཡིན། ཤོ་ཕོར་མགོ་ལ་གྱོན་རྒྱུ་ཡིན། ཤོ་གདན་སྒལ་པར་འཁྱེར་རྒྱུ་ཡིན། ཀི་ཀི་བསྭོ་བསྭོ་བཀྲ་ཤིས་སོ། ཏིག་འདུམ་པ་ར་ཤོག