Skip to main content Skip to search
15 Dec 2011
20 min 33 sec
Rating
0
No votes yet
Video Overview
Creators: 
Unknown

Tibetan comic Tupten performs his act "In Praise of the Hat" at the University of Virginia Tibetan comedy performance. He describes the hat which is worn by Gesar bardic storytellers.

Show More

  • ཡཱ་བཀྲ་ཤིས་པར་འགྱུར་ཅིག མགུ་རུ་པད་མའི་ཐུགས་སྲས་དབུ་ནག་བོད་ཀྱི་ལྷ་རྒྱལ་སེང་ཆེན་་ནོར་བུ་དགྲ་འདུལ་དེ་ལ། མ་ནེ་ནེ་དཀར་མོའི་ལུང་བསྟན་བྱུང་བ་ལྟར་ཁོ་རང་གཅིག་པོ་ཧོར་ལ་ཕེབས་ནས། སྤྲུལ་པ་སྣ་ཚོགས་བསྟན་དེ་སྒོ་སྲུངས་རིམ་པ་བཅུ་གཅིག་ཐེའུ་རང་སྤོ་ལོའི་བཅུ་གཉིས་རྣམས་ཐབས་དང་རྫུ་འཕྲུལ་གྱི་བཏུལ་བ་དང་།
  • ཡང་ཉིན་གཅིག་གི་འཛོམས་པ་སྤུན་གསུམ་དུ་སྤྲུལ་ནས། ཧོར་གྱི་ཕོ་བྲང་ནང་དུ་སླེབས་པའི་སྐབས་སུ། སེར་པོ་ཧོར་གྱི་ས་ཆ་ཨ་ལྕེ་ཐམ་ག་གྲུ་བཞི། མཁར་་ཡ་སི་དཀར་མོའི་ནང་ནས། རྒན་མོ་འབྲུ་མོ་གླིང་གི་བུ་མོ་མེ་ཏོག་སྒྲོན། ཆུ་དང་མཐུན་པའི་ཆུ་མོ་ལུགས། གྲགས་ཤེས་བུ་མོ་གྲགས་ཡག་མ་དེའི་ལག་ནས་བྱུ་རུའི་རབ་གསལ་གོང་མ་ནས་མར་ལྟས་པ་དང་།
  • ས་གང་ཡོང་འདི་ཡོང་མེད་པ། མི་སྟོད་ཚད་སྨད་ལ་འཚང་ལེ། སྨད་ཚད་སྟོད་ལ་བདེ་ལེ། མདུང་ཆུ་བཞག་ཞིག་ནི་ལག་ན་བཟུང་། སྤྲེའུ་སྟག་ཤར་ཞིག་སྟེ་རྒྱབ་ན་ཁྲིད། སྐུ་རུ་ཤྭ་སྨྱོན་ཞིག་སྟེ་མདུན་ནས་ཕེབས་པ་ཞིག སླེབས་ཡོད་པ་མཐོང་བས།
  • འབྲོང་ཁམས་རྒན་མོའི་བསམ་པར། ཡུལ་དེ་ལ་སོ་པ་སོ་མཁན་མང་པོ་དེ་འདྲ་ཡོད་ཀྱང་། མི་དེ་གསུམ་གང་ནས་འོང་བ་ཡིན། སྐད་ཆ་འདྲ་ཡང་འདྲི་ན། བཤད་རྒྱུ་ཡོད་དམ་སྤྲེལ་ཀྱོག་འདྲ་ཡང་བྱེད་སྲིད།
  • མི་དེ་གསུམ་གྱི་ཆ་ཚད་ལ་ལྟས་ན། གེ་སར་མི་ལས་ཆེ་བསམ་ནས། འཛོམས་པ་གསུམ་ལ་དྲི་བ་དྲི་ལན་གྱི་གླུ་ལེན་གཏམ་བཤད་མང་པོ་བྱས་པ་དང་། དེ་ནས་འཛོམས་པ་གསུམ་གྱིས། ཡཱ། རྒན་མོ་ཞལ་སྤྲོ་མ། ངེད་་ཨ་འཛོམས་སྤུན་གསུམ་གྱི་ཞྭ་འདིར་ཞྭ་བཤད་བྱས་ན། དཔོན་ཆེན་པོ་ཞིག་མིན་ན་ཞེས་བཤད་མི་ཆོག ཟས་སོགས་དཔོན་ཆེན་གྱི་སྔོན་ལ་མ་གཏོགས་བཟའ་ཡིན་མ་འདོད།
  • དཔོན་ཆེན་པོ་ཞིག་མིན་ན། ཞྭ་བཤད་དང་བཟའ་ཁོ་ཚོ་བཞག་ཟེར་ནས། འཛོམས་པ་གསུམ་བློ་ལྷོད་དེ་ཕབས་ནས། ཕར་ལྟ་ཚུར་ལྟ་བྱས་ནས་བསྡད་པ་དང་། དེ་ཡིས་དུས་སུ་གདོང་དཀར་པ་རྒན་མོ་འབྲུ་མོ་དེས། མྱུར་ཡུག་རེ་རབ་གསལ་དཀར་མོའི་ནང་ལ་རྒྱུགས་ཕྱིན་ནས། ཧོར་གུར་དཀར་རྒྱལ་པོ་ལ་འདི་རིང་འཛོམས་པ་གསུམ་གྱིས་ཞྭ་བཤད་མི་འདྲ་བ་མང་པོ་བྱེད་ཤོད་ཀྱི་ཡོད་དེ།
  • དཔོན་ཆེན་པོ་ཞིག་མེད་ན་བཤད་མི་ཆོག་ཟེར་བས། ཨ་སྣམ་རང་ཡང་ཞྭ་བཤད་བྱེད་སར་སྟོན་མོ་ལ་བྱོན་ཟེར་བ་དང་། ཨ་སྣམ་ཡང་སྤྲོ་སྣང་འཕྱུར་བཞིན་དགའ་ནས། ཧོར་ཕྲུག་ག་པ་དང་ལྕགས་ཚ་གཉིས་ཀྱི་ལྐོག་ནས། བྱུ་རུའི་རབ་གསལ་གོང་མ་ནས་མར་བལྟས་པ་དང་།
  • དེ་ཡིས་དུས་སུ་འཛོམས་དཀར་དེ་ཡིས་ཆང་ཕུད་ལོ་ཆང་དྭངས་མ་དེ་བཏུང་། འཛོམས་སེར་དེ་ཡིས་ཇ་ཕུད་ཡང་འཛིན་དེ་བཏུང་། འཛོམས་དཔོན་དེ་ཡིས་ཤ་གཉའ་བ་དེ་ལ་སྟ་རབ་གཅིག་རྒྱབ། གཞན་བཟའ་དགོས་རྣམས་བཟས་གཏོར་དགོས་རྣམས་གཏོར་ནས། ཤ་དེ་ཡང་གྲི་ཡིས་ཚལ་གཏུབ་མང་པོ་བཟོས་ནས།
  • ཡ་ཡ་གུར་དཀར་གནམ་་གྱི་རྒྱལ་པོ་རྒྱལ་པོའི་སྲས་མོ་དབུ་བདེ་མོ་ཧོར་སྡེ་དམག་ལག་བཅུ་གཉིས་ཚོ། ངེད་སྤུན་གསུམ་ཡིན་ནོ། ཨེ་འདྲ་གདའ། ང་འཛོམས་དཀར་དུང་གི་ལ་ཐོད་བཅན། རྒྱ་གར་འཛོམས་པ་ཨ་རྒྱ་རེད།
  • ང་འཛོམས་སེར་གསེར་གྱི་ལ་ཐོད་ཅན། བོད་སྤུ་རྒྱལ་འཛོམས་ས་ཨ་གསལ་རེད། ང་འཛོམས་སྔོན་གཡུ་ཡི་ལ་ཐོད་ཅན། རྒྱ་ནག་འཛོམས་པ་ཨ་རྒྱལ་རེད། ངས་འཛོམས་པ་མ་ཡིན་འཛོམས་ས་ཡིན། གསེར་ཁྲི་གཉིས་བརྩེགས་ཕུལ་ལེ་གཅིག རྒན་མོས་མར་ལ་གཟིགས་ལེ་གཉིས་། འཛོམས་པས་ཡར་ལ་བལྟས་ལེ་གསུམ། འཛོམས་པའི་འཛོམས་ལུགས་དེ་འདྲ་རེད།
  • ད་ཇ་ཞུས་ཆང་ཞུས་ཡག་བྱུང་། དེ་ནི་རྒན་མོའི་དྲི་ལན་གྱི་ཚིག་དེ་ལ་དམན་ག་གཡུ་མ་ལ་གོ་གཡུ་དང། གྲི་ཤིང་ཡུ་མ་ལ་གཉའ་ཆགསས་སྤྲད་རྒྱུ་་ཡོད་ཟེར་ནས། གླུ་འདིའི་ཕུལ་ལོ།
  • ཨ་གླུ་ཨ་ལ་ཐ་ལ་དེ་ཐ་ལ་རེད། ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། ཡེ་སྐྱབས་བླ་མ་ཡིད་དམ་མཁའ་འགྲོ་གསུམ་ལ་གསོལ་བ་འདེབས་འདེབས་སོ་བཏབ་བཞིན་མཁྱེན་ནོ། ཨཱ་ས་འདི་དང་ས་ངོ་མ་ཤེས་ན། ཨཱ་་ཧོར་གྱི་་ཐམ་ག་གྲུ་བཞི་རེད། ཨཱ་ཡའི་མི་ང་ཚོ་ང་ངོ་མི་ཤེས་ན། ཨ་འཛོམས་དང་ཚེ་འཛོམས་སྤུན་གསུམ་ཡིན།
  • ཨཱ་ཇ་ཞུས་དང་ཆང་ཞུས་བཞག་འགྲིག་སོང་། ཨཱ་ཨ་འཛོམས་ང་ལ་རྟེན་འབྲེལ་འགྲིག ཨཱ་རྟ་ཐིག་དང་སྒ་དང་གོས་དང་གསུམ། གོང་ང་ཡིས་ལྷ་དང་རྟེན་འབྲེལ་འགྲིག
  • ཨོའོ་ལགས་སོ། དེ་ནས་ཧོར་གྱི་རྒྱལ་བློན་ཚོ། ཞྭ་འདི་ལ་བཤད་པ་འདི་འདྲ་ཡོད། ང་ཨ་འཛོམས་ཚེ་འཛོམས་སྤུན་གསུམ་གྱི་མ་སོང་ས་ཆ་གཅིག་རྐྱང་མེད། དང་པོ་རྒྱ་གར་ཡུལ་དུ་སོང་། རྒྱ་གར་ཆོས་ཀྱི་རྒྱལ་པོ་དེས་ཨ་འཛོམས་འཕྲད་ལེ་དགའ་ལུགས་ཟེར། ཞྭ་མོ་མེད་གདའ་སྡུག་ལུགས་ཟེར།
  • དེ་ནས་ནག་པོ་རྒྱ་ལ་སོང་། རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་དེས་ཨ་འཛོམས་འཕྲད་ལེ་དགའ་ལུགས་ཟེར། ཞྭ་མོ་མེད་གདའ་སྡུག་ལུགས་ཟེར།
  • དེ་ནས་སྤུ་རྒྱལ་བོད་ལ་སོང་། སྤུ་རྒྱལ་བོད་ཀྱི་རྒྱལ་པོ་དེས། ཨ་འཛོམས་འཕྲད་ལེ་དགའ་ལུགས་ཟེར། ཞྭ་མོ་མེད་གདའ་སྡུག་ལུགས་ཟེར།
  • ལྷ་སའི་ཇོ་བོ་ཞལ་དཀར་དེས་ཨ་འཛོམས་ཞྭ་ཞིག་དགོས་འདུག་གསུང་། ཞྭ་ཡོད་ན་ཆོས་དང་མཐུན་པས་གསུང་། ཞྭ་ཡོད་ན་འགྲེམ་སྟོན་ཆེ་བས་གསུང་། ཞྭ་ཡོད་ན་དགྲ་མགོ་ཐུལ་ལོ་གསུང་། ཞྭ་ཡོད་ན་རང་མགོ་འཁེབས་པས་གསུང་། དེ་ནས་ཞྭ་ཞིག་དགོས་འདུག་བསམ། ཞྭ་བཟོ་རྒྱུའི་ཟབ་ཅིག་མཚོན་ལགས་སོ་ཟེར་དེས་ནས། གླུ་འདི་ཕུལ་ལོ།
  • རི་མོ་གླུ་ཨ་ལ་ཐ་ལ་ཐ་ལ་ཡ་ལ་ཐ་ལ་རེད། ཐ་ལ་མོ་གླུ་ཡི་ལེན་གླུ་རེད། རི་མོ་མཐོང་གི་ལྷ་ཡི་ཡ་ལ་ཡུལ་དུ་སོང་སྟེང་ལྷ་བུ་བརྒྱ་ཚ་ཁྲིད་ནས་འོང་ཡ། རི་མོ་སྙན་འཇེབས་ཀྱི་དབུར་ལྷ་ཡ་ལའི་འགྲམ་དུ་སོང་ལའི། སྙན་གླུ་དེ་མར་ལ་ཁྲིད་ནས་འོངས་ཡ། རི་མོ་དེ་ནས་ཀླུ་རྒྱལ་ཡ་འགྲམ་དུ་སོང་། ཀླུ་ཀླུ་དེ་སྔོ་པོ་ཁྲིད་ནས་འོང་ཡ། རི་མོ་དེ་ནས་ལྷ་ཀླུ་ཡ་སྤུན་གསུམ་དེ་དགོང་མོ་དེ་གསུམ་ལ་ཚུར་ཤོག་ཡ།
  • ཨོའོ་ལགས་སོ། དེ་ནས་མ་བསྡད་ཨ་འཛོམས་གསུམ། ཨ་འཛོམས་བཟོ་བོ་སྐད་དུ་སོང་། སྟེང་ལྷ་ཡི་བཟོ་བོ་ཆོས་ལྡན་རྒྱལ། བར་དམྱལ་གྱི་བཟོ་བོ་སྟག་ལ་རྒྱལ།  འོག་ཀླུ་ཡི་བཟོ་བོ་ནོར་ལྷ་རྒྱལ། བཟོ་རྒྱལ་འབི་ཤི་དཀར་མ་བཞིན་སྡེབ་འདེབས་གཅིག་ལ་སྐད་ལ་སོང་། བཟོ་བོས་ཨ་འཛོམས་ཅི་བཟོ་ཟེར། ང་ཨ་འཛོམས་ཞྭ་བཟོ་ཞྭ་བཟོ་བྱས།
  • བཟོ་བོས་རྒྱུ་ཆ་ཅི་ཡོད་ཟེར། ཕྱིང་དཀར་བཟོ་བོའི་མདུན་ལ་བཞག དེ་སྔ་མ་བཟོས་དགུ་བཟོས་ལ། རྒྱུ་ཆ་དེ་འདྲ་རིག་མ་མྱོང་། དེ་ནས་ཞྭ་དཔེ་ཅི་བཟོ་ཟེར། བཟོ་བོ་ཁྱོད་ཀྱི་རིག་པས་སྤྱོད། ངའི་ཡིད་ལ་འཕྲོད་ན་ལེགས་སོ་བྱས། དེ་ནས་བཟོ་བོས་ཟེར་ལུགས་ལ། བསྟན་པ་འཕེལ་བའི་ཞྭ་གསུམ་ཡོད། བསྟན་པ་འཕེལ་བའི་ཞྭ་གསུམ་དེ། ཤཀྱཱ་ཐུབ་པའི་དགུང་ཞྭ་གཅིག ཨོ་རྒྱན་པད་མའི་པད་ཞྭ་གཉིས། སྟོན་པ་གཤེན་རབ་མཐུན་ཞྭ་གསུམ། བསྟན་པའི་བདག་པོའི་ཞྭ་གསུམ་ཡིན། དེ་འདྲའི་ཞྭ་ཅིག་ཨེ་བཟོ་ཟེར། དེ་འདྲའི་ཞྭ་མོ་མི་བཟོ་བྱས།
  • ད་འོ་ན་བསྟན་པ་འཛིན་པའི་ཞྭ་གསུམ་ཡོད། བསྟན་པ་འཛིན་པའི་ཞྭ་གསུམ་དེ། བླ་མེའི་སེར་ཞྭ་དེ་དང་གཅིག་། བན་སྡེའི་གྲྭ་ཞྭ་དེ་དང་གཉིས། བོན་པོའི་ཞྭ་གྲྭ་དེ་དང་གསུམ། བསྟན་པ་འཛིན་པའི་ཞྭ་གསུམ་ཡིན། དེ་འདྲའི་ཞྭ་ཅིག་ཨེ་བཟོ་ཟེར། དེ་འདྲའི་ཞྭ་མོ་མི་བཟོ་བྱས།
  • ད་འོ་ན་བསྟན་པ་བཤིག་པའི་ཞྭ་གསུམ་ཡོད། བསྟན་པ་བཤིག་པའི་ཞྭ་གསུམ་དེ། བདུད་ཞྭ་རྩི་གུ་དེ་དང་གཅིག། ཧོར་ཞྭ་རུས་རིགས་དེ་དང་གཉིས། འཇང་ཞྭ་ནང་ལོག་དེ་དང་གསུམ། བསྟན་པ་བཤིག་པའི་ཞྭ་གསུམ་ཡིན། དེ་འདྲའི་ཞྭ་ཅིག་ཨེ་བཟོ་ཟེར། དེ་འདྲའི་ཞྭ་མོ་མི་བཟོ་བྱས།
  • ད་འོ་ན་བསྟན་པ་སྲུང་བའི་ཞྭ་གསུམ་ཡོད། བསྟན་པ་སྲུང་བའི་ཞྭ་གསུམ་དེ། སྔགས་པའི་ཞྭ་ནག་དེ་དང་གཅིག། སྒོམ་པའི་ཞྭ་དམར་དེ་དང་གཉིས། གཅོད་པའི་དོང་ར་དེ་དང་གསུམ། བསྟན་པ་སྲུང་བའི་ཞྭ་གསུམ་ཡིན། དེ་འདྲའི་ཞྭ་ཅིག་ཨེ་བཟོ་ཟེར། དེ་འདྲའི་ཞྭ་མོ་མི་བཟོ་བྱས།
  • ད་འོ་ན་ཕན་ཐོག་འདོད་འདེགས་ཞྭ་གསུམ་ཡོད། ཕན་ཐོག་འདོད་འདེགས་ཞྭ་གསུམ་དེ། རྒྱལ་པོའི་ལྭ་ཐོད་དེ་དང་གཅིག། བླུན་པོའི་ཝ་ཞྭ་དེ་དང་གཉིས། ཆོས་པའི་སྒོམ་ཞྭ་དེ་དང་གསུམ། ཕན་ཐོག་འདོད་འདེགས་ཞྭ་གསུམ་དེ། དེ་འདྲའི་ཞྭ་ཅིག་ཨེ་བཟོ་ཟེར། དེ་འདྲའི་ཞྭ་མོ་མི་བཟོ་བྱས།
  • ད་འོ་ན་ཕན་མེད་གནོད་སྐྱེལ་ཞྭ་གསུམ་ཡོད། ཕན་མེད་གནོད་སྐྱེལ་ཞྭ་གསུམ་དེ། དྲག་པའི་ཐོད་བཅིངས་དེ་དང་གཅིག། རྐུ་མའི་སྦ་ཞྭ་དེ་དང་གཉིས། ཁྲམ་པའི་མགོ་རས་དེ་དང་གསུམ། ཕན་མེད་གནོད་སྐྱེལ་ཞྭ་གསུམ་ཡིན། དེ་འདྲའི་ཞྭ་ཅིག་ཨེ་བཟོ་ཟེར། དེ་འདྲའི་ཞྭ་མོ་མི་བཟོ་བྱས།
  • ད་འོ་ན་ཕན་མེད་གནོད་མེད་ཞྭ་གསུམ་ཡོད། ཕན་མེད་གནོད་མེད་ཞྭ་གསུམ་དེ། རྒ་པོའི་ལྤགས་ཞྭ་དེ་དང་གཅིག། རྒ་མོའི་ཐང་ཞྭ་དེ་དང་གཉིས། ཨ་སྙོམས་མོན་ཞྭ་དེ་དང་གསུམ། ཕན་མེད་གནོད་མེད་ཞྭ་གསུམ་ཡིན། དེ་འདྲའི་ཞྭ་ཅིག་ཨེ་བཟོ་ཟེར། དེ་འདྲའི་ཞྭ་མོ་མི་བཟོ་བྱས།
  • ད་འོ་ན་སྒོམས་པའི་མཐོ་ལྕོག་ཨེ་བཟོ་ཟེར། ཚོང་པོ་རལ་མཐོ་ཨེ་བཟོ་ཟེར། ལག་ཐོས་ལྤགས་རས་ཨེ་བཟོ་ཟེར། དཔོན་པོའི་འབོག་མདོ་ཨེ་བཟོ་ཟེར། ཆོས་པའི་སེར་ཏོས་ཨེ་བཟོ་ཟེར། སྟག་ཤར་ཕྱིང་ཞྭ་ཨེ་བཟོ་ཟེར། རྫི་བོའི་ཆ་བྱད་ཨེ་བཟོ་ཟེར། རྫི་མོའི་གོམ་ཞུ་ཨེ་བཟོ་ཟེར། རྒྱ་གར་རས་ཞྭ་ཨེ་བཟོ་ཟེར། རྒྱ་ནག་རྔ་ཞྭ་ཨེ་བཟོ་ཟེར། མངའ་རིས་གར་ཞྭ་ཨེ་བཟོ་ཟེར། སོག་པོའི་སོག་ཞྭ་ཨེ་བཟོ་ཟེར། ཉེས་ཅན་ཕྱོགས་ཞྭ་ཨེ་བཟོ་ཟེར། སྡིགས་ཅན་བུབ་ཞྭ་ཨེ་བཟོ་ཟེར། དེ་འདྲའི་ཞྭ་མོ་མི་བཟོ་བྱས། ངའི་བཟོ་བས་ཞྭ་མོ་མི་ཤེས་ཟེར། བཟོ་བོས་དེ་ལས་མ་ཤེས་ཟེར། ཞྭ་མོ་འཚོལ་བར་འགྲོ་འགྲོ་བྱས། བཟོ་བོས་ང་འགྲོ་ང་འགྲོ་ཟེར། མ་བསྡད་ཨ་འཛོམས་ང་རང་གསུམ། གནམ་སྔོན་པོ་བླ་ཆ་མན་ཆད་དང་། ས་མཐོ་པོ་དིང་རིའི་ཡན་ཆད་ཀྱི། རི་གངས་ཀྱི་ཞབས་རེ་རྒལ་ཙམ་ནས། ས་རི་ཀླུང་ཀུན་ལ་དཔེ་བཞག་པའི་གླིང་གཞི་དེ་ལ་བསྐོར་བ་བྱས།
  • ཤར་རིའི་ལྷ་ཡི་དཀྱིལ་འཁོར་དེ་སྒོར་སྒོར་ཟླ་བ་མཚོན་བྱ་དང་། དེ་ལ་ཞྭ་དཔེ་ཨེ་མ་བྱས། རྒྱ་གར་སྤོས་རི་ངན་ལྡན་དེ་སེང་གེ་གཡུ་རལ་རྒྱན་ལྡན་རེད། དེ་ལ་ཞྭ་དཔེ་ཞྭ་དཔེ་ཨེ་མ་བྱས། རྒྱ་ནག་རི་བོ་རྩེ་ལྔ་དེ་ལྷ་ལ་མཎྜལ་ཕུལ་གྲལ་རེད་དེ་ལ་ཞྭ་དཔེ་ཨེ་མ་བྱས། སྟོད་ཀྱི་གངས་དཀར་ཏི་སི་དེ་ཤེལ་གྱི་ཆོས་རྟེན་བཞེངས་གྲལ་རེད་དེ་ལ་ཞྭ་དཔེ་ཨེ་མ་བྱས། འདམ་གྱི་གཉན་ཆེན་ཐང་ལྷ་དེ་ལྷ་ལ་མཆོད་པ་གཤམས་གྲལ་རེད། དེ་ལ་ཞྭ་དཔེ་ཨེ་མ་བྱས། ཤར་གྱི་རྨ་རྒྱལ་སྤོམ་ར་དེ་གངས་ལ་སེང་གེ་འགྱིང་གྲལ་རེད། དེ་ལ་ཞྭ་དཔེ་ཨེ་མ་བྱས། རྒྱལ་ཚུ་རི་དམར་དབང་ཞུ་དེ། ཕ་བླ་མའི་དབང་ཞུ་གནང་གྲལ་རེད། དབང་ཞུ་དར་གྱི་རྒྱན་གྲལ་རེད། དེ་ལ་ཞྭ་དཔེ་འཇོག་དགོས་བསམ་ཟེར་ནས་གླུ་འདི་ཕུལ་ལོ།
  • ཨ་ལ་ཨ་ལ་ཨ་ལ་དེ་རེད་ཡ། ཐ་ལ་མོ་ང་ཡི་གླུ་ཅིག་རེད་ཡ། དེ་ལ་གཡས་བསྐོར་ལན་གསུམ་བྱས།  དེ་ལ་གཡོན་བསྐོར་ལན་གསུས་བྱས།  དེ་ལ་ཕྱག་མཚལ་ལན་གསུམ་ཅིག་རྒྱབ་ཡ། བཟོ་ཨོབོ་ཞིག་གི་ཡིད་ལ་ནི་ཤར་ཡ། ཐོག་ཏུ་སོང་ན་འཇམ་ལེ་བྱས་ཡ། བཟོ་་བོ་་ཁོ་རང་གི་སྐྱིད་པའི་གྱི་བྱས་ཡ། བཟོས་དང་ང་རང་གིས་ཁ་བཀོད་དེ་བྱས་ཡ། ཉི་ཤུ་དི་དགུ་ལ་བསུ་ཇ་དེ་བཅད་ཡ། དེ་ལ་རས་དང་ཕྱིང་པ་ཡིས་སྦྱར། ཡར་བཟོ་བའི་དཀྱིལ་ལ་བཟོ་བོས་ཅིག་བཙེམ་ཡ། ཚེ་པ་གསུམ་ལ་བྱ་སྒྲོས་ཀྱིས་བརྒྱན་ཡ། ཚེ་པ་དེ་དྲུག་ལ་ཞྭ་དར་དེ་བཏགས་ཡ། ཁྱོད་ན་ཨ་འཛོམས་ཀྱི་མགོ་ལ་འདི་གྱོན་ཡ། རྟགས་རྟེན་འབྲེལ་གྱི་ཉི་མ་བཅུ་གསུམ་ཞིག་བྱས་ཡ། ཡ་སྐྱེ་སྐྱེ་སོ་སོ་བཀྲ་ཤིས་སོ།
  • ལགས་སོ། འདིར་བཞུགས་པའི་གཟིགས་མོ་གཟིགས་མཁན་རྣམས་པ་ཚོ། ཞྭ་འདི་ལ་བཤད་པ་དེ་འདྲ་ཡོད། ཞྭ་འདི་རི་བོ་མཆོག་རབ་དཔེ། ངོས་གཞི་གླིང་ཆེན་རི་བཞི་ཡིན། ཟུར་བཞི་གླིང་ཕྲན་བརྒྱད་ལ་དཔེ། བྱ་སྒྲོ་རྣམ་རྒྱལ་ཁང་བཟང་དཔེ། རས་སྐོར་མཐའ་ཡས་རྒྱ་མཚོར་དཔེ། ཞྭ་དཔེ་རྒྱན་ཚོ་རི་ལ་དཔེ།
  • ཞྭ་ལ་ཁྱུང་ཅིག་བརྒྱན་པ་དེ། ཁམས་གསུམ་དབང་དུ་འདུས་པའི་རྟགས། ཁྱུང་ལ་གཤོག་སྒྲོ་རྒྱས་་པ་དེ། སྲིད་གསུམ་གཟིལ་གྱི་བསྣོན་པའི་རྟགས། ཞྭ་ལ་མེ་ལོང་བཏག་པ་དེ། བྱིན་རླབ་སྤྲིན་འབུམ་ཁྲིད་པའི་རྟགས། ལྕགས་འབུར་ཟུར་གསུམ་བརྒྱན་པ་དེ། ཆོས་སྐྱོངས་ལས་ལ་འབད་པའི་རྟགས།
  •  ཞྭ་ལ་རྡོ་རྗེ་བརྒྱན་པ་དེ། ཡིད་དམ་ལུས་ལ་ཤར་བའི་རྟགས། དེ་ལ་འབྲུ་འཛོམས་བརྒྱན་པ་དེ། དངོས་གྲུབ་འཛད་པ་མེད་པའི་རྟགས། ཞྭ་ལ་དུང་གི་བརྒྱན་པ་དེ། མཁའ་འགྲོ་རང་ལ་འཁོར་བའི་རྟགས། ཞྭ་ལ་རྩ་ཏོག་བརྒྱན་པ་དེ། རྩ་ཁམས་མཁའ་འགྲོས་གང་བའི་རྟགས། སྨུག་མན་མདོག་པོས་བརྒྱན་པ་དེ། འཕུར་བསྐྱོད་མཐིང་ལས་བཀྲ་བའི་རྟགས། 
  • དུང་མིག་བྱུ་རུས་བརྒྱན་པ་དེ། དགྲ་མིག་ཁྲག་གི་འདོན་པའི་རྟགས། ཨ་དཀར་འབྲུ་དྲུག་བརྒྱན་པ་དེ། འགྲོ་དྲུག་ཐར་ལམ་འགྲེམས་པའི་རྟགས། ཞྭ་ལ་བག་རྟོག་བརྒྱན་པ་དེ། རང་རིགས་བག་ལས་དྲངས་བའི་རྟགས། ཞྭ་ལ་ཐོག་གི་བརྒྱན་པ་དེ། དངུལ་ནོར་ཐོག་དང་འདྲ་བའི་རྟགས། 
  • ཞྭ་ལ་ཕུར་པ་བརྒྱན་པ་དེ། མཐུ་རྩལ་ཐོག་པ་མེད་པའི་རྟགས། འཁྲབ་ཆང་མི་རྒོད་བརྒྱན་པ་དེ། དགྲ་ལས་མཐུ་རྩལ་ཆེབའི་རྟགས། གཡོན་ན་ཤེལ་ཅིག་བརྒྱན་པ་དེ། མུ་ཏིག་ཤེལ་ལས་གསལ་བའི་རྟགས། གཡུ་བྱུར་གྲུ་དཀར་བརྒྱན་པ་དེ། མི་རྒྱུད་གཡུ་ལས་བཀྲ་བའི་རྟགས། 
  • ཞྭ་ལ་ཟངས་ཁབ་ཟེར་བ་དེ། ཕོ་ལས་རྟག་ཏུ་སྲུངས་བའི་རྟགས། གཡས་ལ་ལྕགས་རྟ་བརྒྱན་པ་དེ། སྐུ་སྲོག་བྲག་ལས་སྲ་བའི་རྟགས། གཡོན་ན་ལྕགས་གཞུ་བརྒྱན་པ་དེ། ཚེ་རིང་ཐུང་འདོམ་ལ་འཇལ་བའི་རྟགས།
  • གཞུ་རྒྱུད་ལྕགས་དཀྱུས་སྒྲིམ་པ་དེ། དགྲ་མ་བརྡུངས་ཀླད་ནས་འགུགས་བའི་རྟགས། ཞྭ་ལ་ནོར་བུ་བརྒྱན་པ་དེ། འདོད་རྒུ་ཕྱག་ཏུ་འབེབ་པའི་རྟགས། ཉི་མ་ཟླ་བ་བརྒྱན་པ་དེ། མ་རིག་མུན་པ་གསལ་བའི་རྟགས། དར་ཚོན་སྣ་ལྔ་བརྒྱན་པ་དེ། ལས་བཞི་ལྷུན་གྱི་སྒྲུབ་པའི་རྟགས།
  • རིན་ཆེན་སྣ་ལྔ་བརྒྱན་པ་དེ། སྐུ་ལྔ་འདུ་བྲལ་མེད་པའི་རྟགས། སྐུད་པ་དཀར་ནག་སྒྲིམ་པ་དེ། བདེ་སྐྱིད་རྒྱུ་འབྲས་འབྱེད་པའི་རྟགས། ཞྭ་ལ་མེ་ཏོག་བརྒྱན་པ་དེ། རྒྱུ་ལ་ཆག་ཞེན་མེད་པའི་རྟགས། ཞྭ་ལུང་དུང་གི་བརྒྱན་པ་དེ། མེ་ཚེ་ཆོས་ལ་སྐྱེལ་བའི་རྟགས།
  • རྩེ་ལ་བྱ་རྒྱལ་རྒོད་སྒྲོ་གཙུགས། ལྟ་བས་ནམ་འཕངས་གཅོད་པའི་རྟགས། འུག་པའི་སྒྲོ་ཅིག་བརྒྱན་པ་དེ། སྒོམ་པའི་བཙན་ས་ཟིན་པའི་རྟགས། གླ་མོའི་སྒྲོ་ཅིག་བརྒྱན་པ་དེ། གཅོད་པའི་དཔའ་རྩལ་རྒྱས་པའི་རྟགས། རྨ་བྱའི་སྒྲོ་ཅིག་བརྒྱན་པ་དེ། དུག་ལྔ་ཟས་སུ་བཟས་པའི་རྟགས། ཆུ་བྱའི་སྒྲོ་ཅིག་བརྒྱན་པ་དེ་། འཁོར་བའི་འདམ་ལས་བརྒལ་བའི་རྟགས། ཁུ་དབྱུག་སྒྲོ་ཅིག་བརྒྱན་པ་དེ། དགེ་སྡིག་དབྱེ་བ་འཕྱེ་བའི་རྟགས།
  • ནེའི་ཙོའི་སྒྲོ་ཅིག་བརྒྱན་པ་དེ། འབྲས་བུ་མངོན་གསུམ་ལོན་པའི་རྟགས། རྒྱ་བྱའི་སྒྲོ་ཅིག་བརྒྱན་པ་དེ། འགྲོ་དོན་ངོ་མཚར་སྐྱོངས་བའི་རྟགས། དེ་ཕོའི་སྒྲོ་ཅིག་བརྒྱན་པ་དེ། ཐེག་ཆེན་ས་གཞི་རྣོན་པའི་རྟགས། 
  • ངང་པའི་སྒྲོ་ཅིག་བརྒྱན་པ་དེ། བན་ཆོས་བོན་ལ་ཤོད་པའི་རྟགས། བྱ་བ་སྒྲོ་ཅིག་བརྒྱན་པ་དེ། བོན་ཆོས་བན་ལ་འགྱུར་བའི་རྟགས། གོང་མོའི་སྒྲོ་ཅིག་བརྒྱན་པ་དེ། མཁའ་སྤྱོད་ཞིང་ཁམས་འགྲོ་བའི་རྟགས། 
  • ཁྲུང་ཁྲུང་སྒྲོ་ཅིག་བརྒྱན་པ་དེ། སྡུག་བསྔལ་མཚོ་ལས་ཐར་བའི་རྟགས། ཕུག་རོན་སྒྲོ་ཅིག་བརྒྱན་པ་དེ། གྲུབ་མཐའ་ཕྱོགས་རིས་མེད་པའི་རྟགས། ཕོ་རོག་སྒྲོ་ཅིག་བརྒྱན་པ་དེ། ཆོས་ཉིད་འགྱུར་བ་མེད་པའི་རྟགས།
  •  ཁྲ་ཡི་སྒྲོ་ཞིག་བརྒྱན་པ་དེ། འགྲོ་དོན་ནུས་པ་ཆེ་བའི་རྟགས། བྱ་སྒྲོ་སྣ་ཚོགས་བརྒྱན་པ་དེ། ཆོས་ཉིད་མ་བུ་མཇལ་བའི་རྟགས། ཨ་འཛོམས་མགོ་ལ་གྱོན་པ་དེ། ས་ཆུ་གཟིལ་གྱིས་བསྣོན་པའི་རྟགས། གླིང་བཞི་དཔེ་ལ་བཞག་པ་དེ། འགྲོ་དོན་ཁྱབ་རྒྱ་ཆེ་བའི་རྟགས།
  • འདིར་བཞུགས་པའི་གཟིགས་མོ་གཟིགས་མཁན་རྣམས་པ་ཚོ། ཞྭ་འདི་ལ་ཆ་ཚད་དེ་འདྲ་ཡོད། ཞྭ་སོར་ལ་འཇལ་ན་སོར་གང་ཡོད། ཞྭ་ཟུར་དེ་ལ་སོར་གང་ཡོད། མངལ་སོར་གང་མིན་ལ་མིག་གདོང་ལྟ། ཞྭ་ཚོན་ལ་འཇལ་ན་ཚོན་གང་ཡོད།
  •  ཞྭ་རྩེ་དེ་ལ་ཚོན་གང་ཡོད། དགྲ་ཚོན་གང་ཡན་ལ་མི་གཏོང་ལྟ། ཞྭ་མཛུབ་ལ་འཇལ་ན་མཛུབ་གང་ཡོད། ཞྭ་འདབ་དེ་ལ་མཛུབ་གང་ཡོད། གདམས་མངག་མཛུབ་ཁྲིད་ཤེས་པའི་རྟགས། 
  • ཞྭ་མཐོ་ལ་འཇལ་ན་མཐོ་གང་ཡོད། ཞྭ་ཞེང་དེ་ལ་མཐོ་གང་ཡོད། ལྷ་གོང་མས་ངོ་སོ་མཐོ་བའི་རྟགས། ཞྭ་རྐང་ལ་འཇལ་ན་རྐང་གང་ཡོད། ཞྭ་གཟུགས་དེ་ལ་རྐང་གང་ཡོད། རྐང་གཉིས་ཆོས་ལ་འགྱུར་བའི་རྟགས། 
  • ཞྭ་ཁྲུ་ལ་འཇལ་ན་ཁྲུ་གང་ཡོད། ཞྭ་དཔང་དེ་ལ་ཁྲུ་གང་ཡོད། སྒྲུབ་པའི་གྲུབ་རྟགས་བཞག་པའི་རྟགས།
  •  ཞྭ་པང་ལ་བཞག་ན་པང་གང་ཡོད། ཞྭ་འདབ་དེ་ལ་པང་གང་ཡོད། མི་དགེ་སྡིག་པ་སྤོངས་བའི་རྟགས། ཞྭ་ཕྲག་ལ་བཞག་དུས་ཕྲག་གང་ཡོད། ཡལ་ལ་བཞག་དུས་ཕྲག་གང་ཡོད། དགེ་བ་དང་དུ་བླངས་པའི་རྟགས། དེ་ནས་རྒན་མོ་ཞལ་སྤྲོ་མ། ཞྭ་དེ་གཅིག་དང་མི་འདྲ་ཟེར། རྒན་མོ་མཁར་བ་འཁྱེར་བའི་རྟགས།
  • ཞྭ་འདི་མི་འདྲ་ཅིག་རྐྱང་མེད། ཞྭ་རྩེ་སྒྲོ་ཡིས་བརྒྱན་པ་དེ། གངས་ཏི་སི་ཤེལ་གྱི་བསྐོར་བ་འདྲ། ཞྭ་ལ་ཟུར་བཞི་གཏོད་པ་དེ། འབབ་པའི་ཆུ་བོ་བཞི་དང་འདྲ། ཤར་ན་ཟུར་གཅིག་གཏོད་པ་དེ། སིཏཱ་སེང་གེ་ཁ་འབབ་འདྲ། ལྷོ་ན་ཟུར་གཅིག་གཏོད་པ་དེ། གངྒ་གླང་ཆེན་ཁ་འབབ་འདྲ། ནུབ་ན་ཟུར་གཅིག་གཏོད་པ་དེ། སིན་དྷུ་རྟ་ཕྱོགས་ཁ་འབབ་འདྲ། བྱང་ན་ཟུར་གཅིག་གཏོད་པ་དེ། པཀྵུ་རྨ་བྱ་ཁ་འབབ་འདྲ།
  • ཞྭ་ཟུར་རས་ཀྱི་བཏུམས་པ་དེ། ཡཱ་ཙེ་གཡའ་མས་བསྐོར་བ་འདྲ། ཞྭ་འདབས་རས་ཀྱི་བསྐོར་བ་དེ། སྤུ་རེངས་ཆབ་ཀྱི་བསྐོར་བ་འདྲ། སྟོད་མངའ་རིས་བསྐོར་གསུམ་ཆགས་ཚུལ་འདྲ། ཞྭ་ལ་ལེབ་བཞི་གཏོད་པ་དེ། ལེབ་གཉིས་གཡས་རུ་གཡོན་རུ་འདྲ། ལེབ་གཉིས་དབུས་རུ་རུ་ལག་འདྲ། བར་དབུས་གཙང་རུ་བཞི་ཆགས་ཚུལ་འདྲ།
  • ཞྭ་གཡས་ལ་པད་མ་བཏགས་པ་དེ། མོན་ཁ་ཚར་མདོ་ཡིས་རྣ་ཚར་འདྲ། ཞྭ་གཡོན་ལ་པད་མ་བཏགས་པ་དེ། སོག་པོ་བྱང་གི་རྣ་ཚར་འདྲ། ཟུར་བཞི་སྣ་བཞི་བྱས་ལེ་དེ། སྨད་ཆུ་བཞི་སྒང་དྲུག་ཆགས་ཚུལ་འདྲ་ཟེར་དེ་གླུ་འདི་ཕུལ་ལོ།
  • གླུ་ཨ་ལ་ཐ་ལ་ཐ་ལ་རེད་ཡ། ཐ་ལ་མོ་གླུ་ཡི་ལེན་གླུ་རེད་ཡ། ཕྲག་པ་གཡས་ལ་བསྐྱལ་བའི་དུས་ཡ། ཤེལ་གྱི་མཆོད་རྟེན་གྱི་འཁུར་བ་འདྲ་ཡ། ཕྲག་པ་གཡོན་ལ་བསྐྱལ་བའི་དུས་ཡ། ལག་སྟོད་ཆ་སྒམ་འཁུར་བ་འདྲ་ཡ། 
  • ལག་གཡས་ཀྱི་ནང་དུ་བཟུང་བ་དང་དུས་ཡ། བླ་མི་བུམ་པ་དེ་བསྣམས་པ་དེ་འདྲ་ཡ། ཞྭ་རྩེ་ས་ལ་མཉལ་བ་དང་དུས་ཡ། མགར་བའི་བུད་པ་དེ་བརྒྱབ་པ་འདྲ་ཡ། ཞྭ་རྩེ་ལག་པས་རྔོག་པའི་དུས་ཡ། རྒ་བུའི་རྩམ་ཁུག་དེ་རྔོག་པ་འདྲ་ཡ། ཞྭ་དེ་ཆེ་ལ་དཀྲོགས་པའི་དུས་ཡ། རྫི་མོའི་འོ་མ་དེ་དཀྲོགས་བ་འདྲ་ཡ། ཞྭ་དེ་ཐང་ལ་བཞག་པའི་དུས་ཡ། བླ་མའི་གུར་ཆུང་དེ་ཕུབ་པ་འདྲ་ཡ། 
  • ཡར་པུད་མོའི་སྟེང་དུ་གྱོན་པའི་དུས་ཡ། ངང་པའི་མཚོ་ལྟར་དེ་བསྐོར་པ་འདྲ་ཡ། པུད་མོའི་སྟེང་དུ་སློང་བའི་དུས་ཡ། ཁྲུང་ཁྲུང་སོར་ལག་དེ་བྲལ་བ་འདྲ་ཡ། འབྲུ་མོ་གཡས་ལ་བསྐྱལ་བའི་དུས་ཡ། བུ་གཅིག་པང་ལ་བསྙལ་བ་འདྲ་ཡ། འབྲུ་མོ་གཡོན་ལ་བསྐྱལ་བའི་དུས་ཡ། ཕྱུར་པོའི་སྒྲ་སྙན་དེ་གཏང་བ་འདྲ་ཡ། འབྲུ་མོའི་ནང་དུ་སློང་བའི་དུས་ཡ། ཕྱུག་མོའི་ཆང་འཁྱིམ་དེ་འཁུར་བ་དང་འདྲ་ཡ།
  • ཞྭ་དེ་མགོ་ལ་གྱོན་པའི་དུས་ཡ། ཤྭ་མོ་ར་དར་དེ་ཆད་པ་འདྲ་ཡ། ཡཱ་ཨོའོ་ལགས་སོ་དེ་ནས་ཧོར་གྱི་རྒྱལ་བློན་ཚོ་ཞྭ་འདི་ལ་མ་ཚང་གཅིག་རྐྱང་མེད། མདུན་དེར་་སྟོན་པའི་གཙོ་འཁོར་ཚང་། བན་ཆོས་པའི་ལྷ་རྒྱལ་་དེ་ལ་ཚང་། རྒྱབ་ན་བློན་པོའི་གཙོ་ཁོར་ཚང་། འདི་དབུ་ནག་ལྷ་རྒྱལ་དེ་ལ་ཚང་། ཟུར་ལྟས་ཤེས་རབ་ལྷ་རྒྱལ་ཚང་། བོན་གཡུ་འབྲུག་ལྷ་རྒྱལ་དེ་ལ་ཚང་། རྩེ་གསུམ་རིགས་གསུམ་མགོན་པོའི་ཚུལ། སྐུ་གསུམ་སྟོན་པ་དེ་ལ་ཚང་། 
  • སྒང་དྲུག་ཐུབ་པ་རི་དྲུག་ཚོས་འགྲོ་དྲུག་ལྷ་རྒྱལ་དེ་ལ་ཚང་། གཡས་གཏད་སྒྲོལ་མ་དཀར་པོའི་ཚུལ། ཚེ་ཟིན་བའི་ལྷ་རྒྱལ་དེ་ལ་ཚང་། གཡོན་གཏད་སྒྲོན་མ་སྔོན་པོའི་ཚུལ། སྐྱབས་པའི་ལྷ་རྒྱལ་དེ་ཚང་། ཟུར་བཞི་རྒྱལ་བ་རིགས་ལྔའི་ཚུལ། ལོངས་སྐུའི་ཞིང་ཁམས་དེ་ལ་ཚང་། དེ་བཞིན་རྒྱལ་ཆེན་སྡེ་བཞི་ཚུལ། བདུད་བཞིའི་ཁ་སྣོན་དེ་ལ་ཚང་། མ་ཚང་བ་ནི་གཅིག་རྐྱང་མེད། ཐམས་ཅད་འཛོམས་ཞྭ་དེ་ལ་འདུས། གཅིག་ཏུ་འདུས་པ་ཀུན་དུ་བཟང་།
  • ཆོས་ཀུན་དགོངས་པ་དེ་ལ་ཚང་། ཚང་ཡོད་ས་རྒྱལ་པོ་ཨོག་ཙོམ་བྱས། དགྲ་ཡོད་ས་རྒྱལ་མོ་ར་རྣམ་བྱས། སྔོན་སྲིད་པ་ཆགས་པའི་ཚུན་ཆད་ལ། ཞྭ་དེ་འདྲ་གཏན་ནས་ཡོད་མ་མྱོང་། ཨ་རེའི་ཁ།