01 Apr 2013
31 min 8 sec
Video Overview
Creators:
Gangri Pumo, Drangchar
This is the first part of a lecture on literature by Pema Bangchen at the First Young Tibetan Women's Literature Training in Trika, Qinghai Province.
- Triga
- དེ་རིང་གི་སློབ་ཁྲིད་ཀྱི་འགོ་བརྩམ་རྒྱུ་རེད།
- དེ་རིང་གི་གདན་ཞུ་དགེ་རྒན་ཡིན་རྒྱུ་ན།
- དགེ་རྒན་པདྨ་དབང་ཆེན་ལགས་རེད།
- མཚོ་སྔོན་མི་རིགས་སློབ་ཆེན་ནས་
- ལོ་གསུམ་རིང་དགེ་རྒན་གྱི་བྱ་བ་གཉེར།
- དེའི་རྗེས་ནས་བྱ་བའི་དགོས་དབང་གིས།
- མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་དུ་བྱ་བའི་ལས་གནས་སྤར།
- བརྩམས་ཆོས་སྐོར་ལ་ཕྱི་རོལ་རྒྱང་འཕེན་པ་དང་།
- ནང་བས་དངོས་པོའི་ཐད་ལ་འཛིན་པའི་ཟབ་ཡིག་སྐོར་ལ་དཔྱད་པ་སོགས་འདུག
- དེ་ནས་ལྷུག་རྩོམ་སྐོར་ལ་ཤ་གཟན་དང་སྙིང་རྗེ་སོགས།
- ལྷུག་རྩོམ་མང་པོ་སྤེལ་མྱོང་།
- དེ་རིང་གི་འཆད་ཁྲིད་ཁ་བྱང་ལ།
- སློབ་གསོའི་འབོལ་རྩོམ་སྐོར་གྱི་མྱོང་ཚོར་འགའ་གླེང་བ་ཞེས་པ་དེ་རེད།
- དེ་ན་ཚང་མས་རྒན་ཁོང་འདིར་ཕེབས་པར་དགའ་བསུ་བྱེད་རོགས།
- ཡ་དེ་ན་དེ་རིང་ཡང་
- བོད་རིགས་སྐྱེས་མ་རྣམས་ཀྱི་མ་འོངས་པའི་རྩོམ་པ་པོ།
- ཁྱེད་རྣམས་ཀྱི་དུས་ཚོད་འཕྲོ་བརླགས་སུ་བཏང་ནས།
- ང་འདིར་ཡོང་ནས་ཆེན་མོ་ཞིག་བཤད་རྒྱུ་མེད།
- རྒྱུ་མཚན་ཅི་ཡིན་ཟེར་ན་ང་རང་ཉིད་
- རྩོམ་པ་པོ་ཞིག་མ་རེད།
- དེར་མ་ཟད་ཆེད་དུ་འདི་ལྟ་བུའི་
- རྩོམ་རིག་གི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཞིག་ཀྱང་མིན།
- ད་ཐེངས་སྦྲང་ཆར་རྩོམ་སྒྲིག་པའི་རེ་བ་སྟེ།
- བོད་ཀྱི་རྩོམ་རིག་སྐོར་ལ་སྤྲོ་བ་ཡོད་པ་དང་
- བོད་ཀྱི་རྩོམ་རིག་སྐོར་ལ་འབད་པ་བྱེད་བཞིན་པའི་
- མ་འོངས་པ་དང་ད་ལྟའི་ཆ་ལ་ཡང་རྩོམ་འབྲི་བཞིན་པའི་སྐྱེས་མ་སྐོར་ཞིག་ལ།
- རྩོམ་རིག་གི་སྐོར་ནས་ཁ་བརྡ་ཐུང་ངུ་རེ་བྱས་ན་ཞེས་རེ་བ་བཏོན་བྱུང་།
- ཡིན་ཡང་ང་ལ་འདིའི་སྐོར་ནས་ཁ་བརྡ་བྱེད་རྒྱུ་ཅང་མེད།
- བྱེ་བྲག་ཏུ་རྩོམ་རིག་གི་ཆ་ནས་དཔྱད་བརྗོད་སྤེལ་བའི་ནུས་པ་ནི་མེད།
- ད་རེག་བར་ཏུ་ཧ་ལམ་ལོ་ངོ་ཉི་ཤུ་ནས་སུམ་བཅུ་
- ལྷག་གི་རིང་ལ་སློབ་གསོའི་བྱ་བ་གཉེར་ཡིན།
- གལ་ཏེ་སློབ་གསོ་རྐྱང་རྐྱང་གི་སྟེང་ནས་བརྗོད་ན་
- མགོ་ཆག་ལབ་བརྡོལ་རེ་འཆད་ཐུབ་ཡང་སྲིད།
- རྒྱུ་མཚན་ནི་གཞི་རིམ་གྱི་སློབ་གསོའི་ལས་ཀ་ཡང་
- ཕལ་ཆེར་ལོ་ངོ་བཅུ་ཁའི་རིང་ལ་སྒྲུབ་མྱོང་།
- དེ་བས་སློབ་གསོ་ནི་ཅི་ལྟ་བུ་ཡིན་པ་དང་།
- སློབ་མ་རྣམས་ནི་ཅི་ལྟ་བུ་ཞིག་ཡིན་པ།
- མ་འོངས་པའི་བོད་ཀྱི་སློབ་གསོ་ཅི་ལྟར་འཛིན་དགོས་པའི་སྐོར་ནས།
- རང་ལ་མྱོང་བ་ཉུང་ཉུང་རེ་འདུག
- འདིའི་སྐོར་ནས་འཆད་རྒྱུ་ན་སྐྱོན་ཆེན་པོ་མི་འདུག་སྙམ།
- རྩོམ་རིག་རྐྱང་རྐྱང་གི་སྟེང་ནས་ཞིབ་བར་བརྗོད་རྒྱུ་ཡོད་ནི་ཞིག་མིན།
- ཡིན་ཀྱང་ལོ་འདི་འགའི་རིང་ལ་
- སློབ་གསོའི་ལས་རིགས་གཉེར་བའི་ཞོར་དུ།
- སློབ་གསོའི་སྟེང་ནས་བྱུང་བའི་མྱོང་བ་ཕྲན་བུའི་
- སྐོར་ནས་འབོལ་རྩོམ་ཟེར་ན་འདྲ།
- ཐོལ་རྩོམ་གྱི་སྐོར་ནས་ཁོམ་པ་རེ་བྱུང་ན་བྲིས་པ་ཡིན།
- དེའི་ཕྱོགས་ནས་དེ་རིང་ཁྱེད་རྣམས་པའི་སྙན་ལམ་དུ་
- ང་རང་གི་མྱོང་བ་ཐུང་ཐུང་ཞིག་བཤད།
- རྩོམ་རིག་ཅེས་པ་འདི་དངོས་གནས་གླེང་གཞི་རྒྱ་ཆེ་བ་ཞིག་རེད།
- འདི་ཆེད་ལས་ཞིབ་འཇུག་པ་ཞིག་གི་བླང་བྱ་ཡིན་པ་མ་གཏོགས།
- གཞི་རིམ་གྱི་དགེ་རྒན་
- རྒྱུན་དུ་སློབ་མ་ཚོར་འབྲེལ་འདྲིས་བྱེད་མཁན་ཞིག་གི་བླང་བྱ་ནི་མ་རེད།
- རྒྱུ་མཚན་དེའི་དབང་གིས་ཁྱེད་ཚོས་རེ་བ་མཐོན་པོ་མ་འཛིན།
- གཞན་སློབ་གྲྭ་ཆེན་མོའི་དགེ་རྒན་ཡང་ཡུན་རིང་ལ་བྱས་མེད།
- དེའི་སྐབས་ཀྱི་ཆེད་ལས་ཡང་རྩོམ་རིག་མིན།
- དེ་བས་རྩོམ་རིག་གི་སྟེང་ནས་ང་ལ་ཞིབ་ཏུ་འཆད་རྒྱུ་མེད།
- ཁ་སང་འཆད་ཁྲིད་བྱས་ཟིན་པའི་དགེ་རྒན་དོན་གྲུབ་ཚེ་རིང་དང་
- རྗེས་མར་འཆད་ཁྲིད་དུ་ཕེབས་པའི་དགེ་རྒན་རྣམ་པ་ནི་
- ཆེད་དུ་རྩོམ་རིག་ལ་ཞིབ་འཇུག་བྱེད་མཁན་དང་།
- ཡང་ན་རྩོམ་རིག་བརྩམས་ཆོས་ལ་སོགས་པ་ཡང་
- མང་པོ་ཡོད་པའི་དགེ་རྒན་དང་རྩོམ་པ་པོ་རེད།
- དེའི་རྣམ་པའི་སྟེང་དུ་ལེགས་བཤད་མང་པོ་ལེན་རྒྱུ་ཡོད་ནི་རེད།
- དེ་མ་གཏོགས་ང་རང་སྟེང་ནས་མང་པོ་བཤད་རྒྱུ་མེད།
- ང་ལ་བཤད་རྒྱུ་ཞིག་ཡོད་པ་ནི།
- འདི་ལྟ་བུའི་བོད་ཀྱི་རྩོམ་རིག་ལ་དགའ་ཞེན་ཆེ་ལ།
- རྩོམ་རིག་གི་ལས་གནས་སྟེང་དུ་འདི་ལྟ་བུའི་
- བུད་མེད་མང་པོ་ཞིག་ཡོད་པ་ནི།
- དངོས་གནས་གྲུབ་འབྲས་བཟང་པོ་ཞིག་རེད་འདོད།
- དེར་ང་རང་ཡིད་སྨོན་སྐྱེས་ནི་ཞིག་རེད།
- དེ་ངོ་མ་བཟང་གི
- ཁྱེད་རྣམ་པ་རྩོམ་རིག་གི་སྟེང་ལ་
- འདི་འདྲའི་དགའ་ཞེན་ཡོད་ན།
- གཞི་རིམ་ན་དགེ་རྒན་གྱི་བྱ་བ་གཉེར་བཞིན་པའི་
- ངེད་ཅག་ལ་མཚོན་ནའང་སློབ་མ་ཚོར་
- ཁྱེད་རྣམ་པ་མ་དཔེ་བྱས་ཏེ་གཟི་བརྗིད་ཀྱིས་ངོ་སྤྲོད་བྱེད་རྒྱུ་དང་།
- ཡང་ན་ཁྱེད་རྣམ་པ་མ་དཔེ་བྱས་ཏེ།
- སློབ་མ་ཚོར་འདིའི་སྐོར་ནས་སློབ་གསོ་གཏོང་བྱེད་ཀྱི
- རྒྱུ་ཆ་བཟང་པོ་ཞིག་རེད་འདོད།
- དེར་ང་རང་སྟེང་ལ་མཚོན་ན་དགའ་བ་ཞིག་རེད།
- དེའི་ཕྱོགས་ནས་ང་དེ་རིང་ཁྲིད་སྟེགས་འདིའི་སྟེང་བུད་ནས་ཁྱེད་ཚོར་
- ཁ་བརྡ་བྱེད་པའི་གོ་སྐབས་བྱུང་བ་ནི་ངའི་གཟི་བརྗིད་རེད་འདོད།
- དེ་ན་དེ་རིང་ངས་ཁྲིད་གཞིའི་ཁ་བྱང་ལ་
- སློབ་གསོའི་འབོལ་རྩོམ་སྐོར་གྱི་མྱོང་བ་ཐན་ཐུན་འགའ་གླེང་བ་ཟེར།
- སློབ་གསོའི་འབོལ་རྩོམ་ལས་བྱེ་བྲག་ཏུ་
- སློབ་གསོའི་འབོལ་རྩོམ་ནི་ཅི་ལྟར་འབྲི་བ་དང་།
- སློབ་གསོའི་འབོལ་རྩོམ་འབྲི་བ་ལ་དགེ་མཚན་ག་འདྲ་ཡོད་པ།
- ད་ལྟ་ལས་རིགས་གཉེར་བཞིན་པའི་བུད་མེད་རྣམས་ལ་མཚོན་ན་
- དོན་གཞན་ཞིག་རེད།
- སློབ་གྲྭ་ཆེན་མོ་ནས་མཐར་མ་ཕྱིན་པ་དང་ཕྱིན་ལ་ཉེ་བ།
- མ་འོངས་པར་བོད་ཀྱི་སློབ་གསོའི་སྟེགས་བུར་འབུད་འདོད་ན།
- སློབ་ཁྲིད་ཀྱི་ཞོར་དུ་
- སློབ་གསོའི་འབོལ་རྩོམ་རེ་བྲིས་ན་དགེ་མཚན་མང་པོ་ཞིག་འདུག
- སློབ་གསོའི་འབོལ་རྩོམ་རེ་བྲིས་ན་དགེ་མཚན་མང་པོ་ཞིག་འདུག
- དེ་བས་འདིའི་སྐོར་ནས་ང་རང་གི་མྱོང་བ་
- ཐན་ཐུན་རེ་གླེང་བསམ་པ་ཡིན།
- ངས་འདིར་དེའི་སྐོར་ནས་སྟབས་བདེ་ཞིག་གྲ་སྒིག་བྱས་ཡོད་པས་
- ཚང་མར་སྒྲོག་སྦྱངས་ལྟ་བུ་ཞིག་བྱེད།
- སྤྱིར་ལྷུག་རྩོམ་ཞེས་པ་ནི་བརྗོད་བྱའི་དོན་ལ་མ་བལྟས་པར་
- རྩོམ་གྱི་ལུས་རྐྱང་བའི་ཆ་ནས་བརྗོད་ན།
- ཚིགས་སུ་མ་བཅད་པ་དང་བཅད་ལྷུག་སྤེལ་མ་མ་ཡིན་པར།
- ལྷུག་མར་བྲིས་པའི་རྩོམ་ཞིག་ཡིན་ཕྱིན་ལྷུག་རྩོམ་ཟེར་དགོས་པ་ཡིན།
- ཚིག་ངོས་ཀྱི་འགྲེལ་ཁོ་ན་བརྒྱབ་ན།
- ང་རང་གིས་བལྟས་ན་ལྷུག་རྩོམ་ནི་རྩོམ་ལུས་རྐྱང་བའི་ཆ་ནས་ཚིགས་
- སུ་མ་བཅད་པ་དང་བཅད་ལྷུག་མིན་པའི་རྩོམ་ལ་ལྷུག་རྩོམ་བརྗོད་ཆོག
- དེའི་རྒྱུ་མཚན་གྱིས་རྣམ་ཐར་རྟོགས་བརྗོད་ལོ་རྒྱུས་དེབ་ཐེར་དེ་མིན།
- གཞུང་ལུགས་ཀྱི་རྩ་འགྲེལ་སྣ་ཚོགས་ཚིག་ལྷུག་གི་ལམ་ནས་བྲིས་པ་
- ཐ་དག་ལ་ལྷུག་རྩོམ་ཞེས་པའི་བརྡ་ཆད་འབྱོར་རྒྱུ་རེད།
- འདི་སྒྲ་ཡངས་འཇུག་གི་ལྷུག་རྩོམ་ཞེས་པ་ལྟར་གོ་ན་འགྲིག་སྙམ།
- བྱེ་བྲག་ཏུ་སྒྱུ་རྩལ་རྩོམ་རིག་གི་ཡན་ལག་ཏུ་གྱུར་བའི་ལྷུག་རྩོམ་ལ།
- བརྗོད་བྱ་དང་བརྗོད་ཚུལ་མཚོན་སྟངས་སོགས་གང་ཅིའི་ཐད་ནས་ཚད་
- གཞི་ངེས་ཅན་ལྡན་པས་ཚིག་ལྷུག་གིས་བྲིས་པའི་རྩོམ་ཞིག་ཡིན་ཕྱིན།
- སྒྱུ་རྩལ་རྩོམ་རིག་གི་ལྷུག་རྩོམ་ཡིན་པའི་ངེས་པ་མེད་དོ།།
- དེ་ཡོད་ནི་མ་རེད།
- སྒྲ་ཡངས་འཇུག་གི་ལྷུག་རྩོམ་ཞེས་པ་དེ་ལྟ་བུ་རེད།
- བྱེ་བྲག་ཏུ་སྒྱུ་རྩལ་རྩོམ་རིག་གི་ལྷུག་རྩོམ་ཞེས་པ་ལ་
- ཚད་གཞི་ངེས་ཅན་ཞིག་ཡོད་རྒྱུ་རེད།
- དེ་བས་རྩོམ་རིག་གཞུང་ལུགས་ཀྱི་ངོས་ནས་བརྗོད་ན།
- ལྷུག་རྩོམ་གྱི་མཚན་ཉིད་མཚོན་བྱ་ལ་སོགས་པ་ལྟུ་བུ་མང་དུ་བརྗོད་མོད།
- དེ་དག་ལས་ཆེས་གཞིར་རྩར་གྱུར་བ་ནི་ལྷུག་རྩོམ་ལ་ཁྱད་ཆོས་གསུམ་ཡོད།
- ཁྱད་ཆོས་གསུམ་ཡོད།
- སྤྱིར་ལྷུག་རྩོམ་ཞེས་པ་ལ་རྩ་བའི་ཆ་ནས་ཁྱད་ཆོས་གསུམ་ཡོད།
- བརྗོད་བྱའམ་མཚོན་བྱ་རྒྱ་ཆེ་བ་སྟེ།
- འཚོ་བའི་ཟུར་སྣེ་གང་ཞིག་གིས་རྩོམ་པ་པོའི་ཡིད་ལ་
- ཚོར་འདུ་མི་འདྲ་བ་སྦྱིན་ནུས་པ་ཞིག་ཡིན་ཕྱིན།
- ལྷུག་རྩོམ་གྱི་བརྗོད་བྱར་རུང་བ་ཡིན།
- བརྗོད་བྱའི་ཆ་ནས་བཤད་ན་ཧ་ཅང་རྒྱ་ཆེ་བ་ཞིག་རེད།
- ལྷུག་རྩོམ་ཞེས་པ་ཧ་ཅང་རྒྱ་ཆེ་བ་ཞིག་རེད།
- རྩོམ་པ་པོའི་ཡིད་ལ་ཚོར་འདུ་སྦྱིན་ཐུབ་པ་གང་ཞིག་ཡིན་ཡང་
- ལྷུག་རྩོམ་གྱི་བརྗོད་བྱར་གདམ་ཆོག
- བརྗོད་བྱའི་ཆ་ནས་ཚད་བཀག་མེད།
- དེ་ནི་ཁྱད་ཆོས་གཅིག་རེད།
- ཁྱད་ཆོས་གཉིས་པ་ནི་སྒྲིག་གཞི་རང་དབང་ཆེ་བ་སྟེ།
- སྒྲིག་གཞིའི་ཆ་ནས་རང་དབང་དང་ལྡན་པ།
- སྐབས་རེར་མི་སྣ་བྲིས་ཆོག་ལ་ལན་རེར་བྱ་དངོས་ཀྱང་བྲིས་ཆོག་པ་དང་
- ཡིད་འགྱུར་མངོན་ཆོག་ལ་བགྲོ་གླེང་ཡང་སྤེལ་ཆོག
- སྒྲིག་གཞིའི་སྟེང་ནས་བཤད་ན་དེ་འདྲ་རེད།
- དེ་ལས་གཞན་མཚོན་ཐབས་སྣ་མང་ཡིན་པ་སྟེ།
- དོན་གྱི་བྱུང་རིམ་བརྗོད་པའི་ལྷུག་རྩོམ་ཡོད་ལ།
- ཡིད་ཀྱི་འགྱུར་བ་མཚོན་པའི་ལྷུག་རྩོམ་ཡང་ཡོད་པ་དང་།
- དཔྱད་བརྗོད་སྤེལ་མའི་ལྷུག་རྩོམ་ཡང་ཡོད་དོ།།
- མཚོན་ཐབས་ཀྱི་སྟེང་ནས་བརྗོད་ན་ཡང་མང་པོ་འདུག
- འདི་ནི་ལྷུག་རྩོམ་གྱི་ཁྱད་ཆོས་རེད་འདོད།
- འདི་རུ་སྒྲུང་གཏམ་ལྟར་ཅུང་ཆ་ཚང་བའི་སྒོ་ནས་འཚོ་བའི་དོན་རྐྱེན་དང་
- མི་སྣའི་སྣང་བརྙན་འབུར་ཏུ་བཏོད་མི་དགོས་ལ།
- ཟློས་གར་ནང་བཞིན་འགལ་བ་གདོང་ཐུག་མི་དགོས་བས།
- སྙན་ངག་དང་སྒྲུང་གཏམ་ཟློས་གར་
- སོགས་དང་མི་འདྲ་བའི་ཁྱད་ཆོས་ཤིག་རེད།
- ཁྱད་ཆོས་དེ་གསུམ་ནི་སྒྲུང་གཏམ་དང་ཟློས་གར་
- ལ་སོགས་པའི་ཁྱད་པར་འབྱེད་བྱེད་ཅིག་ལོས་ཡིན་སྙམ།
- ལྷུག་རྩོམ་འདི་ཟློས་གར་དང་ཡང་ན་སྙན་ངག་ལ་སོགས་པ་
- དེ་ཁྱད་འབྱེད་སྤྱད་ཅིག་ལོས་ཡིན་འདོད།
- དེ་ན་དོན་བརྗོད་ལྷུག་རྩོམ་དང་ཡིད་འགྱུར་ལྷུག་རྩོམ་ཚང་མར་ཆ་རྒྱུས་ཡོད་དེ།
- དུས་སྐབས་གསར་བའི་བོད་ཀྱི་རྩོམ་རིག་གི་དབུ་བརྙེས་པ་ནས་
- ངེད་ཅག་གིས་བྲིས་པའི་ལྷུག་རྩོམ་ཕལ་མོ་ཆེ་ནི་
- དེ་ལྟ་བུའི་ལྷུག་རྩོམ་ཡིན།
- དེ་བས་དོན་བརྗོད་ལྷུག་རྩོམ་དང་ཡིད་འགྱུར་ལྷུག་རྩོམ་ལ་སོགས་པ་ནི་
- ཚང་མར་ཆ་རྒྱུས་ཡོད་ནི་རེད།
- དུས་སྐབས་གསར་བ་ཞེས་པ་དུས་རབས་སྔོན་མའི་
- ལོ་རབས་བརྒྱད་བཅུ་བའི་མགོ་ནས།
- བོད་ཀྱི་རྩོམ་རིག་གསར་བ་དབུ་བརྙེས་པ་ནས་བཟུང་སྟེ།
- ཚང་མས་འབྲི་བཞིན་པ་ནི་ཕལ་ཆེར་དོན་བརྗོད་ལྷུག་རྩོམ་དང་
- ཡང་ན་ཡིད་འགྱུར་ལྷུག་རྩོམ་རེད།
- བརྩམས་ཆོས་ཀྱི་སྐོར་ལའང་དཔེར་ན།
- འཕོ་འགྱུར་དང་སྙན་འཇེབས། གངས་རི་ལ་སོགས་པ།
- དགུ་ཆུའི་གླུ་དབྱངས་དང་དྲི་བཞོན་གྱི་བུ་མོ་སོགས་མང་པོ་འདུག
- འདི་ཞིབ་ཏུ་མ་བཤད་ཀྱང་ཚང་མར་ཆ་རྒྱུས་ཡོད་ནི་རེད།
- དེ་བས་འདིར་ངས་ལྷུག་རྩོམ་ལས་
- ཐོལ་རྩོམ་དང་ཙག་ཙིག་རྩོམ་ཡིག་ཅེས་པ་
- འདིའི་སྐོར་ནས་སྟབས་བདེ་རེ་གླེང་བསམ་པ་ཡིན།
- ཐོལ་རྩོམ་ནི་མིང་ལ་བལྟས་མ་ཐག་ཤེས་ཐུབ་སྟེ།
- ཐོལ་བྱུང་དུ་བྲིས་པ་ཞིག་ཡིན་ཞིང་།
- ཐོལ་རྩོམ་ཟེར་བ་འདི་མིང་ལ་བལྟས་མ་ཐག་ནས་ཤེས་ཐུབ།
- ཐོལ་བྱུང་དུ་བྲིས་པའི་རྒྱུ་མཚན་གྱིས་
- མིང་ལ་ཐོལ་རྩོམ་ཞེས་བཏགས་པ་ཡིན་རྒྱུ་རེད།
- དཔེར་ན་རྗེ་མི་ལ་རས་པ་དང་
- ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་བཞེངས་པའི་མགུར་ལ་
- ཐོལ་བྱུང་དུ་གནང་བའི་རྡོ་རྗེ་ཐོལ་མགུར་
- ཞེས་མཚན་གསོལ་བ་ལྟ་བུ་རེད།
- རྗེ་བཙུན་མི་ལ་རས་པ་དང་ཡང་ན་ཞབས་དཀར་ཚོགས་དྲུག་རང་གྲོལ་
- ལ་སོགས་པས་བཞེངས་པའི་མགུར་ལ།
- རྩོམ་པ་པོ་ཞིག་གིས་ཆེད་དུ་བསམ་གཞིག་བཏང་།
- དེར་བློས་བསླང་བྱེད་པ་སོགས་
- བསམ་བློ་མང་པོ་བཏང་ནས་བྲིས་པ་ནི་མིན་པར།
- ཐོལ་བྱུང་དུ་ངག་ལས་བྱུང་བ་ཡིན།
- དེའི་མིང་ལ་རྡོ་རྗེ་ཐོལ་མགུར་ཞེས་པའི་མཚན་གསོལ་འདུག
- དེ་བས་ང་ཚོས་ད་ལྟ་འབྲི་བཞིན་པའི་ཐོལ་རྩོམ་ཞེས་པའང་ཕལ་ཆེ་བ་
- དེ་ལྟར་བྱུང་བ་ཡིན་རྒྱུ་རེད།
- གློ་བུར་ཏུ་དེ་ལྟ་བུའི་ཚོར་བ་དང་དེ་ལྟ་བུའི་ཚོར་འདུ་སྐྱེས་པ་དེར་
- རྐྱེན་བྱས་ཏེ་བྲིས་པའི་རྩོམ་ཡིག་ནི།
- གློ་བུར་བའི་སྒོ་ནས་བྲིས་པའི་རྩོམ་ཡིག་རེད།
- དཔེར་ན་སྒྲུང་གཏམ་དང་སྙན་ངག་ལྟ་བུ་མ་རེད།
- བློས་བསླང་ཡུན་རིང་ལ་བྱས་པ་དང་
- བརྟག་དཔྱད་མང་པོ་བྱས་པ།
- མི་སྣའི་བཀོད་སྒྲིག་ལ་སོགས་པར་བསམ་གཞིག་མང་པོ་བཏང་བ་ནི་མ་རེད།
- དེ་བས་ཐོལ་རྩོམ་ཞེས་བརྗོད་པ་རེད་སྙམ།
- ཐོལ་རྩོམ་ལ་ཡང་ལ་ལས་འབོལ་རྩོམ་ཡང་ཟེར།
- ངས་འབོལ་རྩོམ་དང་ཐོལ་རྩོམ་ལ་ཞིབ་ཏུ་དབྱེ་བ་འབྱེད་ཀིན་མེད།
- སྤྱིར་བཏང་གིས་ཚང་མ་དོན་གཅིག་རེད་འདོད།
- ཐོལ་རྩོམ་དང་འབོལ་རྩོམ་ལ་
- རྒྱ་སྐད་ཀྱིས་随笔ཞེས་བརྗོད་ལ།
- ཡང་ལ་ལས་ལུའུ་ཞུན་གྱི་སྐབས་ནས་བྱུང་བའི་杂文་ཡིན་པར་འདོད།
- རྒྱའི་རྩོམ་རིག་སྨྲ་བ་ཚང་མར་ཡང་
- 随笔་དང་杂文གཉིས་ལ་ཕྱིས་ཕྱིན་པའི་
- ཁྱད་པར་འབྱེད་བྱེད་ཀྱི་ཚད་གཞི་གསལ་བོ་ཡོད་མིན་མི་ཤེས།
- ཚད་གཞི་གསལ་བོ་ཞིག་འཛིན་བཞིན་ཡོད་མེད་མི་ཤེས།
- ལ་ལས་ཡོད་པར་འདོད་པ་དང་ཡང་ལ་ལས་མེད་པར་འདོད།
- དེ་བས་ཐོལ་རྩོམ་དང་འབོལ་རྩོམ་གང་བརྗོད་ཀྱང་གཅིག་རེད་འདོད།
- ཐོལ་རྩོམ་ལ་ཁྱད་ཆོས་ཅི་ཞིག་ཡོད་ཅེ་ན།
- ཐོལ་རྩོམ་ནི་ལྷུག་རྩོམ་གྱི་ནང་གསེས་ཤིག་ཡིན།
- ལྷུག་རྩོམ་གྱི་ནང་གསེས་ཤིག་ཡིན།
- དགག་སྒྲུབ་ཀྱི་གཞན་འགྱུར་ཞིག་ཡིན།
- ལྷུག་རྩོམ་གྱི་ནང་གསེས་ཤིག་རེད།
- ལྷུག་རྩོམ་ནི་གོང་ཏུ་བརྗོད་པ་བཞིན་ཧ་ཅང་རྒྱ་ཆེ་བ་དང་།
- ཐོལ་རྩོམ་ནི་དེའི་ནང་གསེས་ཤིག་ཡིན།
- འོན་ཀྱང་ཐོལ་རྩོམ་ལ་དགག་སྒྲུབ་ཀྱི་ཁྱད་ཆོས་ལྡན་ལ།
- ཡང་དགག་སྒྲུབ་རྐྱང་རྐྱང་ནི་མིན་པར་
- དགག་སྒྲུབ་ཀྱི་གཞན་འགྱུར་ཞིག་ཡིན་པས།
- དེར་དཔྱད་བརྗོད་དང་ཡིད་འགྱུར་ཟུང་དུ་འབྲེལ་ཞིང་
- ཟུར་ཟ་དང་སུན་འབྱིན་གྱི་ཆ་ཞིག་ཀྱང་ངང་གིས་ལྡན།
- ཁྱད་ཆོས་ཤིག་ཡོད་པ་ནི།
- ཐོལ་རྩོམ་ལ་དཔྱད་བརྗོད་དང་ཡིད་འགྱུར་གཉིས་ཀ་ཟུང་དུ་འབྲེལ་བ་ཡིན་པས།
- ཡིད་འགྱུར་ཡིན་ཆོག་པར་མ་ཟད་
- ལན་རེར་ཡིད་འགྱུར་གྱི་ནང་དུ་དཔྱད་བརྗོད་སྤེལ་ཀྱང་ཆོག
- བརྗོད་བྱའི་ཆ་ནས་སྤྱི་ཚོགས་ཀྱི་སྣེ་གང་རུང་ཞིག་ལ་ཟུར་ཟ་དང་
- སུན་འབྱིན་གྱི་ཆ་ཞིག་ཀྱང་ངང་གིས་ལྡན།
- ཡིག་ཚོགས་ཀྱི་གྲངས་ལ་ངེས་པ་མེད་ཅིང་
- ངེས་པར་ཏུ་ཡིག་གྲངས་ཁྲི་ལྷག་ལོངས་དགོས་པའི་ངེས་པ་མེད་པར་
- ཐིག་ཕྲེང་བཅུ་ནས་ཉི་ཤུའི་བར་གྱི་ཐོལ་རྩོམ་ཡང་ཡོད་སྲིད་རྒྱུ་རེད།
- ཡིག་གྲངས་བརྒྱ་ཡས་མས་ཀྱི་ཐོལ་རྩོམ་ཡང་ཡོད་རྒྱུ་རེད།
- དེ་བས་ཡིག་ཚོགས་ཀྱི་སྟེང་ནས་གྲངས་ལ་ངེས་པ་མེད།
- ཚིག་སྦྱོར་ལ་འགྱུར་བག་ཅུང་ཆེ།
- ཚིག་སྦྱོར་ཀྱི་ཆ་ནས་མི་འདྲ་ས་དང་ཁྱད་ཆོས་རེ་འདུག
- མཚོན་ཐབས་སྣ་མང་སྤྱད་དེ་བརྗིད་པའི་སྒོ་ནས་རྩོམ་མཁན་གྱི་ལྟ་བ་དང་
- བསམ་བློ་ལྷུག་བརྗོད་བྱེད་ཆོག་པའི་རྩོམ་སྟངས་ཤིག་ཡིན།
- ང་རང་གིས་བལྟས་ན་ཐོལ་རྩོམ་ཞེས་པ་ནི་འདི་ལྟ་བུ་ཡིན་པར་འདོད།
- མཚོན་ཐབས་སྣ་མང་སྤྱད་ཆོག་ལ་རྩོམ་མཁན་གྱི་ལྟ་བ་སྟེ།
- ལྷུག་རྩོམ་འབྲི་པ་པོ་རང་གིས་ཐད་བརྗོད་བྱེད་ཐབས་བྲལ་བའི་སྐོར།
- དཔེར་ན།
- དཔྱད་རྩོམ་ལྟ་བུར་མཚོན་ན་རང་གི་ལྟ་བ་ཐད་བརྗོད་བྱེད་དགོས་ལ།
- སྙན་ངག་ལ་མཚོན་ན་ཁ་དམ་དྲགས་པ་དང་།
- དེའི་བར་ནས་རྩོམ་མཁན་རང་ཉིད་ཀྱི་ལྟ་བ་ཞིག་བརྗོད་འདོད་ཚེ།
- བརྗོད་པའི་ཐབས་ཤིག་ནི་ཐོལ་རྩོམ་ཞེས་པ་འདི་ཡིན་པར་འདོད།
- རྩོམ་མཁན་གྱི་ལྟ་བ་དང་བསམ་བློ་ཐད་བརྗོད་བྱེད་དཀའ་བའི་དུས་སུ་
- བརྗིད་པའི་སྒོ་ནས་མཚོན་པའི་རྩོམ་སྟངས་སྤྱད་ཆོག
- རང་གིས་གང་ཞིག་བརྗོད་པར་འདོད་ཀྱང་
- ཐད་བརྗོད་བྱེད་དཀའ་བའི་རིགས།
- སྦ་བའམ་གབ་པའི་ཚུལ་གྱིས་ཀྱ་ཀྱུའི་བསྟན་འདོད་པ་དག
- སྒྲུང་གཏམ་དང་སྙན་ངག་ལས་ཀྱང་ཐོལ་རྩོམ་སྤྱད་ན་ལེགས་པར་སྙམ།
- འདི་ནི་ང་རང་གི་ལྟ་བ་ཡིན།
- རང་གིས་གང་ཞིག་བརྗོད་འདོད་པ་དེ་སྦ་བའམ་གབ་པའི་ཚུལ་གྱིས་
- ཀྱ་ཀྱུའི་སྒོ་ནས་སྟོན་འདོད་ན་སྙན་ངག་དང་སྒྲུང་གཏམ་ལས་ཀྱང་
- ཐོལ་རྩོམ་སྤྱད་ནས་བྲིས་ན་ལེགས་པར་སྙམ།
- སྒྲུང་གཏམ་ལ་མཚོན་ན།
- སྒྲུང་གཏམ་གྱིས་འདི་མཚོན་མི་ཐུབ་པ་མ་རེད།
- སྙན་ངག་གི་སྒོ་ནས་མཚོན་མི་ཐུབ་པའང་མ་རེད།
- ཡིན་ཀྱང་སྒྲུང་གཏམ་དང་སྙན་ངག་འབྲི་བ་ལ་
- བློས་བསླང་གི་དུས་ཡུན་རིང་པོ་ཞིག་དགོས་ལ།
- ཁྱད་པར་དུ་སྒྲུང་གཏམ་ལྟ་བུར་མཚོན་ན་ཡུན་རིང་ལ་བློས་བསླང་བྱས།
- མི་སྣའི་བཀོད་སྒྲིག་ལ་སོགས་པར་ཡང་བསམ་གཞིག་མང་པོ་བཏང་ན།
- དུས་ཚོད་མང་པོ་དགོས་པ་མ་ཟད་ཡིག་ཚོགས་དང་
- སྒྲིག་གཞི་ལ་སོགས་པར་བསམ་གཞིག་མང་པོ་གཏོང་དགོས།
- སྙན་ངག་ཡང་དེ་དང་འདྲ་བར་ཚིག་གི་སྦྱོར་བར་བསམ་བློ་གཏོང་དགོས།
- ཐོལ་རྩོམ་ནི་དེ་ལྟ་བུ་མ་རེད།
- གཙོ་བོ་རྩོམ་མཁན་ལ་ཐུན་མིན་གྱི་འཚོ་བའི་ཚོར་འདུ་ཞིག་ཡོད་ཚེ།
- ཐད་བརྗོད་བྱས་ན་ཕ་རོལ་པོ་གང་ཞིག་ལ་ཕོག་ཐུག་བཟོ་བའམ་
- རྐྱེན་གང་ཞིག་གིས་ཚད་བཀག་བཟོ་བར་འདོད་ན།
- ཀྱ་ཀྱུའམ་སྦ་བའི་ཚུལ་གྱི་སྒོ་ནས་ཐད་བརྗོད་ཡང་ཡིན་ལ།
- འོན་ཀྱང་མངོན་སུམ་ཡང་དེ་འདྲ་མིན་པའི་རྩོམ་ཞིག་འབྲི་ཚེ།
- སྙན་ངག་དང་སྒྲུང་གཏམ་ལས་ཀྱང་ཐོལ་རྩོམ་གྱིས་བྲིས་ན་
- འབྲི་བདེ་བ་ཞིག་ཡིན།
- དཔེར་ན།
- སྐུ་ཞབས་ལུའུ་ཞུན་གྱི་ཚུར་ལེན་རིང་ལུགས་ལྟ་བུ་རེད།
- སྐུ་ཞབས་ལུའུ་ཞུན་གྱི་ཚུར་ལེན་རིང་ལུགས་ལ་
- ཚང་མར་ཆ་རྒྱུས་ཡོད་ནི་རེད།
- རྒྱ་ནག་ལ་མཚོན་ན་
- ཕྱི་གླིང་བའི་རིག་གནས་ཅི་ལྟར་ཚུར་ལེན་བྱེད་པའི་སྐབས་སུ།
- ཁོང་རང་ལ་ལྟ་བ་ཞིག་ཡོད་པ་དེ་ཐད་ཀར་བརྗོད་ཚེ་
- སྐབས་དེའི་དུས་སྐབས་སུ་འཚམ་པོ་ཞིག་མིན་པ་འདྲ།
- དེ་བས་སྐུ་ཞབས་ལུའུ་ཞུན་གྱིས་ཕྱི་གླིང་བའི་རིག་གནས་འདི་
- ཁྱིམ་གཞི་ཞིག་ལ་དཔེ་བྱས་ཏེ།
- ཁྱིམ་གཞི་འདི་རྒྱུན་འཛིན་བྱེད་མཁན་གྱི་བུ་ཞིག་ཡིན་ན།
- རང་ཁྱིམ་གྱི་སྣོད་ཅ་ལག་དང་རྒྱུ་ཆ་ལ་སོགས་པ་འདི།
- ཅི་ལྟར་རྒྱུན་འཛིན་དང་ཚུར་ལེན་བྱེད་དགོས་ཞེ་ན།
- ཁོས་དཔེ་མང་པོའི་སྒོ་ནས།
- ཁྱིམ་ཚང་འདིར་མཚོན་ན་ངེས་པར་དུ་རྒྱུན་འཛིན་བྱེད་དགོས་པའི་
- ཁང་མིག་དང་རྒྱུ་ཆ་རྩ་ཆེན་ཡང་ཡོད་ལ།
- ཡང་ན་བར་མ་ནས་དོར་དགོས་པའི་ཉལ་ཐ་ལ་སོགས་པའང་ཡོད།
- ཡང་ན་འཆོན་མ་ལ་སོགས་རྩ་བ་ནས་དོར་དགོས་པའི་གནས་ཀྱང་ཡོད།
- དེ་ལྟ་བུའི་ཕྱི་གླིང་བའི་རིག་གནས་ལ་འཛིན་པའི་ལྟ་ཚུལ་དེ།
- ཐད་བརྗོད་མ་བྱས་པར་སྦ་བའམ་གབ་པའི་ཚུལ་གྱི་སྒོ་ནས་
- ཁྱིམ་གཞི་ཞིག་ཅི་ལྟར་རྒྱུན་འཛིན་བྱེད་དགོས་པ།
- དེ་ལ་འཛིན་པའི་ལྟ་བའི་སྒོ་ནས་བརྗོད་པ་ལྟ་བུ་ནི་ཐོལ་རྩོམ་རེད།
- ཚིག་སྦྱོར་ཡིག་ཚོགས་ཀྱི་སྟེང་ན་ཡང་དེ་འདྲ་མང་པོ་མེད་ལ།
- ཟུར་ཟ་དང་སུན་འབྱིན་གྱི་ཆ་ནི་ཡོད་པ།
- ཡང་ན་དཔྱད་བརྗོད་དང་ཡིད་འགྱུར་ཀྱང་མཚམས་མཚམས་སུ་
- ཟུང་འབྲེལ་བྱས་ཡོད་པའི་རྩོམ་སྟངས་ལྟ་བུ་རེད།
- རྩོམ་པ་པོའི་ལྟ་བ་ཐད་བརྗོད་བྱས་མེད་པ་དེ་ལྟ་བུ་རེད།
- དེ་བས་འདི་ནི་ཚད་ལྡན་གྱི་ཐོལ་རྩོམ་ཞིག་རེད།
- ཐོལ་རྩོམ་འབྲི་མི་ཤེས་པ་མ་གཏོགས་འབྲི་ན་དུས་དང་རྣམ་པ་ཀུན་ཏུ་
- སྐུ་ཞབས་ལུའུ་ཞུན་གྱི་ཚུར་ལེན་རིང་ལུགས་ལྟ་བུའི་ཐོལ་རྩོམ་འབྲི་རྒྱུ་
- ན་དངོས་གནས་བོད་ཀྱི་ཚད་ལྡན་གྱི་ཐོལ་རྩོམ་རེད།
- ཚུར་ལེན་རིང་ལུགས་འདི་ཚུར་བོད་ལ་འགྱུར་བ་ཡང་བཟང་།
- རྒྱ་ཡིག་གི་མ་རྩོམ་ལས་ཀྱང་འགྱུར་རྩོམ་གྱི་སྟེང་ནས་བཤད་ན་ཡང་
- ལེགས་ཤོས་ཀྱི་རྩོམ་ཞིག་རེད།
- རྩོམ་འདི་ད་ལྟ་མཐོ་འབྲིང་གི་བསླབ་དེབ་ཀྱི་ནང་ནའང་འདུག
- འདིའི་སྐོར་ནས་སློབ་མ་ཚོར་ཁྲིད་དུས་
- སློབ་མ་ཚོར་ཡང་འདིའི་སྟེང་ནས་ལྟ་བ་ཆ་ཚང་ཞིག་ཆགས་ཐུབ་ལ།
- རྩོམ་རིག་གི་སྟེང་ནས་ཡང་འདི་ལ་དཔྱད་བརྗོད་བྱེད་རྒྱུ་འདུག
- འདི་ནི་ཚད་ལྡན་གྱི་ཐོལ་རྩོམ་རེད།
- མིག་སྔར་ཚུར་ལེན་རིང་ལུགས་ལྟ་བུའི་ཐོལ་རྩོམ་
- བོད་ཀྱི་ཁྲོད་ན་འབྲི་མཁན་ཉུང་ཉུང་རེད།
- ངས་མང་པོ་མ་མཐོང་ཡང་སྦྲང་ཆར་ལ་སོགས་པ་
- ཚད་ལྡན་གྱི་དུས་དེབ་ལས་མཐོང་བ་ནི།
- འདི་ནི་མ་དཔེ་ལ་རུང་སྙམ་པའི་ཐོལ་རྩོམ་ནི་ཧ་ཅང་ཉུང་ཉུང་རེད།
- ཚུར་ལེན་རིང་ལུགས་ལ་ལད་ཟློས་བྱེད་ཐུབ་ཚེ་
- ཐོལ་རྩོམ་ཧ་ཅང་ལེགས་པོ་འཁྱོངས་སྙམ།
- དེར་བརྟེན་དེང་གི་སྤྱི་ཚོགས་འདིར་ཐོལ་རྩོམ་ནི་
- ཅུང་རྒྱུགས་ཆེ་བའི་རྩོམ་གྱི་འབྲི་ཐབས་ཤིག་ཡིན་ནོ།།
- དེང་སྐབས་མཚོན་རྒྱུ་ནའང་རྒྱུགས་ཆེ་བའི་རྩོམ་གྱི་འབྲི་ཐབས་ཤིག་རེད།
- སློབ་གྲའི་ནང་དུའང་ཕལ་ཆེ་བ་ཐོལ་རྩོམ་རེད་ཟེར་ཆོག
- དེ་བས་ཐོལ་རྩོམ་འབྲི་དུས་ཅི་ལྟ་བུ་ཡིན་དགོས་ཟེར་ན།
- ཐོལ་རྩོམ་འབྲི་དུས་རྒྱུན་དུ་ཡུལ་མི་དག་ལ་
- འཚོ་བའི་ཙག་ཙིག་གི་སྐོར་ལབ་གླེང་བྱེད་པ་ཇི་བཞིན་
- ལྷོད་ཤ་ཞིག་དང་རང་བྱུང་ལྷུན་འགྲུབ་ཅིགཡིན་དགོས།
- ཐོལ་རྩོམ་ཞེས་པ་འདི་
- ཆེད་དུ་རྩོམ་པ་པོ་ཞིག་གིས་བསམ་གཞིག་བཏང་སྟེ།
- ངས་ཡིན་གཅིག་མིན་གཉིས་འདི་ལྟ་བུ་འབྲི་རྒྱུ་ཞེས་པ་ལྟ་བུ་མིན་པར།
- གཙོ་བོ་རྒྱུན་དུ་ཁྱིམ་མཚེས་དང་ཡུལ་མི་དག་ལ་ཁ་བརྡ་བྱེད་དུས།
- མགོ་ནི་འདི་ལྟར་གླེང་རྒྱུ་དང་བར་དུ་འདི་ལྟ་བུའི་གཏམ་བཤད་དགོས།
- མཇུག་འདི་ལྟར་བསྡུ་དགོས་ཞེས་པ་ལྟ་བུར།
- ཡུལ་མི་ཚང་མས་ཁ་བརྡ་བྱེད་དུས་
- དེར་བསམ་གཞིག་གཏོང་གི་ཡོད་རྒྱུ་མ་རེད།
- སྤྱིར་བཏང་གི་ཁ་བརྡའི་བླང་བྱ་གང་ཞིག་ཡིན་པ་དེ་ལྷོད་ཤ་ཡོད་པའི་
- སྒོ་ནས་ཕན་ཆུན་ལ་འཚོ་བའི་ཙག་ཙིག་གི་སྐོར་ལབ་གླེང་བྱེད་པའི་
- རང་བྱུང་ལྷུན་འགྲུབ་གྱི་ཉམས་དང་ལྡན་པ།
- ཐོལ་རྩོམ་ཞེས་པ་ནི་དེ་ལྟ་བུ་ཡིན་དགོས།
- རྩོམ་དེ་བཀླག་ཡོང་དུས་འདི་ནི་རྩོམ་པ་པོས་བསམ་བཞིན་བཅོས་པའམ་
- ཡང་ན་འདི་ལ་བསམ་གཞིག་མང་པོ་བཏང་བ་དེ་འདྲ་མིན་པར།
- རྒྱུན་ལྡན་ལྟར་འཚོ་བའི་ཙག་ཙིག་སྐོར་ནས་ཁ་བརྡ་བྱེད་པ།
- དེ་ལྟ་བུའི་ལྷོད་ཤ་དང་རང་བྱུང་ལྷུན་འགྲུབ་ཅིག་ཡིན་དགོས།
- འདིར་རྣ་ལ་སྙན་པའི་ཚིག་རྒྱན་གྱིས་སྤྲས་མི་དགོས།
- ཐོལ་རྩོམ་འབྲི་བ་ནི་ཡིན་གཅིག་མིན་གཉིས་སྤྱི་ཚོགས་འདི་ལྟ་བུ་ཞིག་
- སུན་འབྱིན་བྱེད་རྒྱུ་ཞེས་ཐོག་མ་ཉིད་ནས་
- དེ་ལྟ་བུའི་བསམ་གཞིག་གཏོང་མི་དགོས།
- རང་གིས་མི་ཐེགས་པའི་འགན་ཞིག་ཁུར་ནས་ངས་རྩོམ་ཡིག་འདིས་
- དོན་འདི་ཐག་གཅོད་བྱེད་རྩིས་ཡོད་ལྟ་བུའི་
- ཁུར་བོ་ཆེན་པོ་འཁུར་མི་དགོས་པར་འདོད།
- ཐོལ་རྩོམ་འབྲི་དུས།
- ཐོལ་རྩོམ་ལ་ཐོལ་རྩོམ་གྱི་ཁུར་བོ་ཡོད་ནི་རེད།
- ཐོལ་རྩོམ་གྱིས་མི་ཐེགས་པའི་ཁུར་བོ་སྟེ།
- མི་རིགས་འདི་རྟོགས་སད་བྱེད་དུ་འཇུག་རྒྱུ་ལྟ་བུ།
- ཡང་ན་རྩོམ་ཡིག་འདིས་གང་ཞིག་ཁ་ལོ་བསྒྱུར་རྒྱུ་ལྟ་བུར་
- ཐོག་མ་ཉིད་ནས་བསམ་བློ་གཏོང་མི་རུང་།
- དེ་ལྟར་བསམ་གཞིག་བཏང་ཚེ་
- ཐོལ་རྩོམ་ལེགས་པོ་ཞིག་འཁྱོངས་རྒྱུ་མ་རེད་བསམ།
- དེའི་ཕན་ཆད་ནས་
- ཐོལ་རྩོམ་འདི་ཚིག་རྒྱན་མང་པོས་སྤྲས་བསམ་པ་དེ་འདྲ་བྱེད་མི་དགོས།
- དེ་དང་ལྷན་དུ་ཚགས་དམ་པའི་སྒྲིག་གཞི་ཡི་ཚད་བཀག་དང་།
- གཏན་ཚིགས་ཀྱི་གོ་རིམ་ཆ་ཚང་ནི་མེད་ཀྱང་རུང་བས།
- ཡིད་ལ་གང་ཤར་སྨྱུག་རྩེ་ཡིས་ཅི་ལྟར་སྦྱར་ཆོག་པ་ཞིག་ཡིན་ནོ།།
- སྤྱིའི་ཆ་ནས་བརྗོད་ན་ཐོལ་རྩོམ་ཅེས་པ་དེ་ལྟ་བུ་རེད།
- དཔེར་ན་ཡུལ་ལྗོངས་ག་གེ་མོ་ཞིག་ལ་བལྟས་ཏེ་
- ཡིད་ཀྱི་དུང་སེམས་མཚོན་ཆོག་ལ།
- བྱ་དངོས་གང་རུང་ཞིག་གིས་རྐྱེན་བྱས་ཏེ་རང་གི་ལྟ་བ་བརྗོད་ཆོག
- བརྩམས་ཆོས་ཤིག་བཀླགས་པའི་མྱོང་ཚོར་དང་།
- དོན་རྐྱེན་ཞིག་གི་བསམ་གཞིགས།
- ཡང་ན་མཐུན་ཆོས་ལྡན་པའི་བྱ་དངོས་གང་རུང་ལ་
- དཔྱད་སྡུར་གྱིས་ཕྱོགས་བསྡུས་ཀྱི་ལྟ་བ་བརྗོད་པ་སོགས།
- གང་བདེར་ཅི་དགར་གྱིས་སྤྱད་ཆོག
- འཚོ་བའི་སྟེང་ན་རྐྱེན་འདི་འདྲ་མང་བོ་ཡོད་རྒྱུ་རེད།
- དེ་འདྲའི་དོན་ཕྲན་བུ་དང་བྱེ་བྲག་ཞིག་གི་
- བརྗོད་བྱ་གདམ་ནས་ཐོར་རྩོམ་བྲིས་ཀྱང་ཆོག
- ཐོལ་རྩོམ་ལ་དབྱེ་གྲངས་ཀྱི་ཚད་བཀག་མེད་ཕྱིན།
- ཆེས་ཐུང་དུས་ཐིག་ཕྲེང་བཞི་ལྔ་ཙམ་བྲིས་ཀྱང་ཆོག་ལ།
- ཆེས་རིང་དུས་ཡིག་འབྲུ་ཆིག་སྟོང་ལྷག་བྲིས་ཀྱང་ཆོག
- གཙོ་བོ་ནང་དོན་ལ་གཞིགས་ནས་
- དེ་བསྟུན་གྱི་ཡིག་གྲངས་གཏན་འབབས་བྱེད་པ་ལས།
- ཐོག་མ་ནས་ཡིག་གྲངས་ཀྱི་སྐྱ་ཐིག་འདེབས་པའི་སྲོལ་མེད།
- དེར་བརྟེན་རྩོམ་རིག་གི་ཁྱིམ་གཞི་འདིར་མཚོན་ན།
- ཐོལ་རྩོམ་ནི་སྟབས་བདེ་རང་ལས་མ་འདས་སོ།།
- རྩོམ་རིག་གི་ལུས་འདི་ཁྱིམ་གཞི་ཞིག་ལ་དཔེ་བཞག་ན་
- ཐོལ་རྩོམ་ནི་དེའི་ནང་ནས་ཆེས་སྟབས་བདེ་ཅན་དེ་རེད།
- ཡིན་ཡང་ཐོལ་རྩོམ་ཡང་
- ལྷུག་རྩོམ་གྱི་བྱེ་བྲག་ཡིན་པའི་ཆ་ནས།
- མི་ལ་ལས་ལྷུག་རྩོམ་ཞིག་ཡིན་ཕྱིར་ངེས་པར་དུ་
- རྒྱ་ནག་གི་རྩོམ་རིག་དབྱེ་སྟངས་ལྟར་
- རིགས་བཞིར་དབྱེ་ཆོག
- དེ་བས་འདི་ལ་ཡང་ཚད་གཞི་ཞིག་འཇོག་དགོས་ཟེར་ན།
- ཐོལ་རྩོམ་གྱི་གཞི་རྩའི་ཚད་གཞི་གཅིག་ཡོད་པ་ནི་
- ཐོལ་རྩོམ་དེའི་བརྗོད་སྙིང་ངམ་མཚོན་དོན་ཅི་ཞིག་ཡིན་པ།
- གསལ་བོར་ཡིན་དགོས་པ་དེ་ཡིན་པར་འདོད།
- ཅི་ཞིག་མཚོན་པའམ་བརྗོད་བྱའི་སྙིང་བོ་ཅི་ཞིག་སྟོན་རྒྱུ་ཡིན་པ་
- དེ་གསལ་བོ་ཡིན་དགོས།
- གཞི་རྩའི་ཚད་གཞི་དེ་རེད།
- དེ་ལས་གཞན་ཚད་གཞི་མང་པོ་མི་འདུག ཚད་གཞི་གཅིག་ཡོད་པ་ནི་
- བརྗོད་སྙིང་ངམ་མཚོན་དོན་ཅི་ཞིག་ཡིན་པ་དེ་ཁ་གསལ་བོ་ཡིན་དགོས།
- དཔེར་ན་སྐུ་ཞབས་ལུའུ་ཞུན་གྱི་
- ཚུར་ལེན་རིང་ལུགས་ལྟ་བུ་ལ་མཚོན་རྒྱུ་ན།
- བརྗོད་སྙིང་ངམ་མཚོན་དོན་གཙོ་བོ་ནི་ཕྱིའི་རིག་གནས་ལ་
- ཕྱོགས་གཅིག་ཏུ་བཀག་འགོག་བྱེད་པ་དང་།
- ཡང་ན་ཕྱོགས་གཅིག་ཏུ་དང་ལེན་བྱེད་མཁན་ཏེ།
- ཕྱོགས་གཉིས་སུ་འཆེད་པའི་རྩོམ་ལུས་དབྱེ་སྟངས་རྒྱ་ནག་ལ་བྱུང་བ་འདྲ།
- དེ་བས་ལུའུ་ཞུན་གྱིས་ཕྱོགས་གཉིས་སུ་མ་ལྷུང་བའི་ལྟ་ཚུལ་ཞིག་འཛིན་དགོས་ཞེས།
- ཕྱི་གླིང་བའི་རྩོམ་རིག་ནང་འདྲེན་བྱེད་པ་ལ་
- ཕྱོགས་གཉིས་སུ་མི་ལྷུང་བ་ཞིག་ཡིན་དགོས།
- འོ་ན་ཕྱོགས་གཉིས་སུ་མ་ལྷུང་བ་ནི་ཅི་ལྟ་བུ་ཞིག་ཡིན་ཞེ་ན།
- ཐོལ་རྩོམ་གྱི་ཚད་གཞི་ལྟར་ཕྱོགས་གཉིས་སུ་མ་ལྷུང་བ་ནི་
- ཕྱི་གླིང་བའི་རིག་གནས་ནང་འདྲེན་བྱེད་དུས།
- འདི་ལྟ་བུའི་ལྟ་སྟངས་འཛིན་དགོས་ཞེས་དཔེའི་སྒོ་ནས་བརྗོད་འདུག
- དེ་ནི་ཚུར་ལེན་རིང་ལུགས་ཀྱི་བརྗོད་སྙིང་དང་མཚོན་དོན་རེད།
- དེ་བས་ཐོལ་རྩོམ་ཞིག་འབྲི་ན་ཚད་གཞི་འདི་འཛོམས་དགོས།
- རྒྱའི་མཁས་པ་དག་ཀྱང་
- ཐོལ་རྩོམ་ཞེས་པ་ནི་ཅི་ལྟ་བུ་ཞིག་ཡིན།
- ཐོལ་རྩོམ་ལ་མིང་ཅི་ལྟར་འདོགས་དགོས།
- དེའི་ནང་དོན་དང་རྣམ་པ་ཅི་འདྲ་ཡིན་པ་སོགས་ལ་
- རྩོད་གཞི་མང་པོ་བྱུང་མྱོང་།
- ལྷག་པར་ཏུ་གཡོན་རུ་རྩོམ་རིག་སྨྲ་བའི་གྲུབ་མཐའ་སྐོར་ཞིག་གིས་
- ཐོལ་རྩོམ་ནི་རྩོམ་རིག་གི་ཁོངས་སུ་མི་ཚུད་པ་དང་།
- ཚད་ལྡན་གྱི་རྩོམ་རིག་མིན་པའི་དགག་གཞག་མང་པོ་སྤེལ་བ་རེད།
- དེའི་སྟབས་ཀྱིས་དེང་སྐབས་རྒྱའི་མཁས་པ་ལ་ལས།
- ཐོལ་རྩོམ་གྱི་འགོ་ཁུངས་ལ་ཞིབ་འཇུག་བྱེད་པར་
- དཀའ་ཁག་མང་པོ་ཡོད་པར་བརྗོད་བཞིན་འདུག
- གང་ལྟར་རྒྱ་ནག་གི་ཐོལ་རྩོམ་གྱི་འབྲི་ལུགས་དེ་
- ལྔ་བཞི་ལས་འགུལ་གྱི་དུས་སྐབས་ནསའགོ་བརྩམས་པར་བཞེད།
- དེ་ནི་རྒྱའི་ཐོལ་རྩོམ་འབྲི་ལུགས་རེད།
- རང་རེའི་བོད་པའི་ཐོལ་རྩོམ་དེ་ཡང་བརྩམས་སྒྲུང་དང་།
- རང་མོས་སྙན་ངག་ལྟར་རྩོམ་ལུས་སམ་རྩོམ་སྟངས་
- གསར་བའི་རིགས་ཡོངས་རྒྱ་ནག་ལ་ལད་མོ་བྱས་ནས་
- དེ་ལས་བྱུང་བ་ཡིན།
- བོད་ལ་མཚོན་ནའང་བརྩམས་སྒྲུང་དང་རང་མོས་སྙན་ངག་
- ལ་སོགས་པའི་འབྲི་ལུགས་ཚང་མ་ཕལ་ཆེར་རྒྱ་ནག་ལ་
- ལད་མོ་བྱས་ནས་བྱུང་བ་འདྲ།
- དེ་བས་ཐོལ་རྩོམ་ཡང་རྒྱ་ནག་ལ་ལད་ཟློས་བྱས་མྱོང་ནི་རེད་
- ཅེས་བརྗོད་ན་འགལ་བ་ཡོད་ནི་མ་རེད།
- འོན་ཀྱང་ཐོལ་རྩོམ་གྱི་རྩོམ་ལུས་དང་མཐུན་པའི་
- བརྩམས་ཆོས་ཀྱི་རིགས་སྔོན་ཆད་ཡོད་དམ་མེད་ཅེ་ན།
- ཐོལ་རྩོམ་ཞེས་པའི་འབྲི་ལུགས་ནི་
- རྒྱ་ལ་ལད་མོ་བྱས་ནས་བྱུང་བ་ཡིན་ཞེས་བརྗོད་ན་ཆོག་ཆོག་རེད།
- འོན་ཀྱང་འདིའི་རྩོམ་ལུས་དང་མཐུན་པའི་བརྩམས་ཆོས་ནི་
- སྔོན་ཆད་ནས་བོད་ལ་ཡོད་ནི་ཨེ་རེད།
- ཡང་ན་དེ་དང་མཐུན་པའི་ཚད་ལྡན་མི་སྣ་ཡོད་ནི་ཨེ་རེད་ཞེ་ན།
- ཕྲན་གྱིས་བལྟས་ན་ཏུན་ཧོང་གཏེར་ཡིག་ནི་
- བོད་པའི་ཐོལ་རྩོམ་མི་ཉུང་བ་ཞིག་གི་དཔེ་གཞིར་མཐོང་རྒྱུ་ཡོད་པར་བསམ།
- ཏུན་ཧོང་གཏེར་ཡིག་ལས་བོད་ཀྱི་ཐོལ་རྩོམ་མི་ཉུང་བ་ཞིག་གི་
- དཔེ་གཞི་མཐོང་རྒྱུ་འདུག
- ངས་དེ་ཚད་ལྡན་གྱི་ཐོལ་རྩོམ་རེད་བརྗོད་ཀིན་མེད།
- ཐོལ་རྩོམ་གྱི་དཔེ་གཞི་ཏུན་ཧོང་གཏེར་ཡིག་ལས་འདུག
- དཔེར་ན།
- གཉའ་ཁྲི་བཙན་པོ་མི་ཡུལ་དུ་བྱོན་པའི་རྣམ་པ།
- མཚོན་པའི་ཚིག་དུམ་འདི་ལྟ་བུ་ལ་མཚོན་ན།
- ཏུན་ཧོང་གཏེར་ཡིག་ལ་བལྟས་མྱོང་བ་རྣམས་ཀྱིས་ཤེས་པ་རེད།
- གཉའ་ཁྲི་མི་ཡུལ་ལ་བྱོན་པ།
- ཁྱད་པར་དུ་གཉའ་ཁྲི་བཙན་པོ་བོད་ཀྱི་ཡུལ་ཁམས་སུ་
- ཅི་ལྟར་བྱོན་པའི་བརྒྱུད་རིམ་བྲིས་པའི་
- གཏེར་ཡིག་གི་ཚན་པ་ཤིག་ལས།
- ལྷ་རྀ་གྱང་དོར་གཤེགས་ན།
- རྀ་རབ་ལྷུན་པོ་ཡང་དགུའ་དུད་དུད།
- ཤྀང་སྡོང་པོ་ཡང་བང་ཐང་ཐང་།
- ཆབ་ལུ་མ་ཡང་དངོ་སིལ་སིལ།
- གོར་ཕ་བང་ལ་སྩོགས་པ་ཡང་མཉེད་ཁྲུང་ཁྲུང་གིས་
- ཕྱག་འཚལ་ལོ།
- བོད་ཀ་གཡག་དྲུག་གྀ་རྗེར་གཤེགས་སོ།
- ཐོག་མ་ས་ལ་གཤེགས་པ་ཡང་།
- གནམ་མཐའ་འོག་གྀ་རྗེར་གཤེགས་པས།
- གནམ་གྱྀ་ནི་དབུས།
- སའྀ་ནི་དཀྱིལ།
- གླྀང་གི་ནི་སྙིང་པོ།
- གངས་ཀྱི་ནྀ་ར་བ།
- ཆུ་བོ་ཀུན་གྱི་ནི་མགོ་བོ།
- རི་མཐོ་ས་གཙང་། ཡུལ་བཟང་།
- མྱི་འཛངས་ཤིང་དཔའ་རུ་སྐྱེ།
- ཆོས་བཟང་དུ་བྱེད།
- རྟ་མགྱོག་སུ་འཕེལ་བ་འྀ་གནསུ།
- ཚུལ་གྱིས་གདམས་སྟེ་གཤེགས་སོ་ལྟ་བུ།
- ཚིག་འདི་ལྟ་བུ་ལ་མཚོན་ན་དངོས་གནས་ཚིག་ཉུང་དོན་བསྡུས།
- ཚིག་རྒྱན་གྱིས་ཀྱང་མ་སྤྲས་པ།
- འདི་ནི་ཐོལ་རྩོམ་གྱི་མ་དཔེ་ལྟ་བུ་རེད།
- ཐོལ་རྩོམ་གྱི་ནང་དུ་ཡང་ཡིད་འགྱུར་མཚོན་པའི་ཐོལ་རྩོམ་གྱི་མ་དཔེ།
- རི་མཐོ་ས་གཙང་ཡུལ་བཟང་མྱི་འཛངས་ཤིང་དཔའ་རུ་སྐྱེ་བ་
- ལ་སོགས་པ་ནི་ཚིག་ཉམས་ཆེ་ལ།
- བརྗོད་བྱའི་དོན་སྟོན་པའི་ཚིག་ལ་གསོན་ཉམས་ཀྱིས་ཁེངས་འདུག
- འདི་ནི་དམངས་ཁྲོད་ན་ང་ཚོས་ད་ལྟའི་བར་ཏུ་རྒྱུད་འཛིན་
- བྱེད་བཞིན་པའི་སྐད་ཆའི་རིགས་རེད།
- འདི་ལྟ་བུར་མཚོན་ན།
- ཏུན་ཧོང་གཏེར་ཡིག་གི་ནང་ན་ཡོད་པའི་ཚིག་མང་བོ་ཞིག
- ཐོལ་རྩོམ་གྱི་དཔེ་གཞི་རེད་བསམ།
- ཡང་ན་བློན་ཁྲི་འབྲང་བཙན་བྲོད་དང་རྒྱའི་བློན་འོང་ཀེར་ཞང་ཤེ་
- གཉིས་ཀྱིས་ཤགས་བྱས་པའི་ཚིག་ལྟ་བུ།
- འདི་ལྟ་བུ་ལ་མཚོན་ན་ཡང་ཐོལ་རྩོམ་རེད།
- ཐོག་མར་རྒྱའི་དམག་དཔོན་གྱིས་དཔུང་གི་དྲེག་ཤུགས་མངོན་དེ།
- ཁྲེ་རྐྱལ་གང་དང་ཡུངས་འབྲུ་རྐྱལ་གང་སྐུར་ནས་
- ངའི་དམག་གི་དཔུང་ཤུགས་ནི་སྟོབས་ཤུགས་འདི་འདྲ་བ་ཞིག་ཡིན་ཏེ།
- ཟས་མིད་པར་བྱུང་ན་སྟོབས་མི་ཤོངས་རྒྱུ་མེད།
- ཐོག་ཆེན་པོས་གཏོར་མི་ཐུབ་པའི་བྲག་ཅིག་མེད་ཅེས་སྨྲས།
- སྐབས་དེར་འཐབ་འཁྲུག་མ་བརྒྱབ་པའི་སྔོན་ལ།
- རྒྱའི་དམག་དཔོན་འོང་ཀེར་ཞང་ཤེ་དང་མགར་ཁྲི་འབྲང་
- གཉིས་ཀྱིས་ཐོག་མར་བློན་པོའི་བར་གྱི་ཇུས་གཞི་དང་།
- ཐབས་བཀོལ་གྱི་རྩལ་ཤུགས་འགྲན་པ་དང་འཕྲིན་ཡིག་བསྐུར་རེས་བྱས།
- ཐོག་མར་རྒྱའི་དམག་དཔོན་གྱིས་བཤད་རྒྱུར།
- ང་ལ་དམག་ནི་མང་བོད་ལ་དམག་ཁྲི་གཉིས་མ་གཏོགས་མེད།
- ངས་དམག་འབུམ་གཉིས་ལྷག་གི་དམག་ཤུགས་དྲངས་ཡོད།
- སྐད་ཅིག་དེ་ཉིད་ལ་ཁྱོད་བརླག་རྒྱུ་ནི་སླ་བོ་ཡིན་ཞེས་
- དཔེའི་སྒོ་ནས་ཟས་མིད་ཐག་ལ་ཤོངས་ན་སྟོབས་མི་ཆེ་རྒྱུ་ཡོད་ནི་མ་རེད།
- ཐོག་གིས་གཏོར་མི་ཐུབ་པའི་བྲག་ཅིག་ས་སྟེང་ན་འདི་ན་མེད།
- དེ་བས་གཡུལ་འགྱེད་པའི་སྐབས་སུ་རྒྱལ་ཕམ་ནི་གཙོ་བོ་
- དམག་དཔོན་གྱི་མང་ཉུང་གིས་ཐག་གཅོད་ཐུབ་ཅེས་
- འཇིགས་སྐུལ་བ་དང་སེམས་ཀྱི་དཔའ་ཞུམ་པར་བྱེད་པའི་འཕྲིན་སྐུར།
- དེར་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་ཕྱིར་ལན་འཕངས་པ།
- མང་ཉུང་གྀ་ཁར་མྱི་དོར་རོ།།
- བྱེ་འུ་མང་མང་ཡང་ཁྱ་ཆིག་གྀ་ཉོལ་པའ།
- ཉེ་འུ་མང་མང་ཡང་སྲམ་ཆྀག་གི་ཉོལ་པ།
- ཤ་བ་རྭ་མང་སྟེ་འགྱེན་ཏམ།གཡག་རུ་ཐུངེ་སྟེ།འགྱེན་པ་བལྟསོ།།
- དཔེ་འདི་རུ་གདའ།
- ཐང་ཤྀང་ལོ་བརྒྱའ་སྐྱེས་པ་ཡང་།སྟ་རེ་གཅིག་གྀ་དགྲའོ།།
- ཆུ་གཞའ་གསང་དུ་སོང་བ་ཡང་།
- གྲུ་མདོམ་གང་གིས་སྐ་ཆིག་ཆོད་དོ།།
- ནས་འབྲས་ཐང་གང་སྐྱེས་པ་ཡང་།རང་ཏག་གཆྀག་གི་ནང་དུ་ཆིབ་བོ།།
- སྐར་མ་གནམ་གང་ཡོད་པ་ཡང་།ཉི་མ་གཆྀག་གྀ་འོད་ལ་མྱེད་དོ།།
- ཞེས་གཡུལ་འགྱེད་པ་ནི་དམག་གི་མང་ཉུང་ལ་རེག་ལས་མེད།
- བྱེའུ་མང་ཡང་ཁྲ་ཅིག་གིས་གསོད་ཐུབ།
- ཉ་མང་ཡང་སྲམ་གཅིག་གིས་གསོད་ཐུབ།
- ཤྭ་རྭ་མང་ཡང་གཡུལ་འགྱེད་ཨེ་ཐུབ།
- འབྲོང་སོགས་རྭ་ཐུར་ཐུང་ཡང་གཡུལ་འགྱེད་པ་ལ་ཅིག་ལྟོས།
- ཐང་ཤིང་མང་དུ་སྐྱེས་ཀྱང་སྟ་རེ་གཅིག་གིས་གཅོད་ཐུབ།
- ཆུ་བོ་ཇི་འདྲའི་གཏིང་ཟབ་ཡང་གྲུ་གཟིངས་གཅིག་གིས་བརྐྱལ་ཐུབ།
- ནས་འབྲུ་སྒྱེ་གང་ཡང་རང་འཐག་གཅིག་གིས་ནང་དུ་འཐག་ཐུབ།
- སྐར་མས་ནམ་མཁའ་བཀང་ཡང་
- ཉི་མ་གཅིག་གིས་འོད་ལ་འགྲན་མི་ཐུབ།
- དེ་བས་གཡུལ་འགྱེད་ཅེས་པ་ནི་དམག་གི་མང་ཉུང་ལ་རེག་ལས་མེད།
- དེ་ནས་རྒྱའི་དམག་དཔོན་ན་རེ།
- སྒོ་ང་ཆུ་ངུ།རྀ་ཆེད་པོ་འྀ་རྗིད་ཀྱྀས་མནན་ན་ཆོགས་ཀྱང་།
- མྱེ་འབར་བ།མཚོ་ཆེད་པོ་འྀ་རྦས་ཀྱྀས་བསད་ན་སོད་ཀྲངས།
- ཞེས་སྨྲས་པ་ལ།
- མགར་ཁྲི་འབྲིང་གིས་ལན་བཏབ་པ།
- རྀ་ཆེད་པོ་འྀ་སྟེང་ན་བྲག།
- བྲག་གྀ་ཁ་ནས་ཤྀང་།
- ཤིང་གྀ་ཁ་ན་ཚང་།
- ཚང་གྀ་ཁ་ན་སྒོ་ང་སྟེ།
- རྀ་མ་རྙིལ་བར་བྲག་མྱི་འདྲལ།
- བྲག་མ་རལ་བར་ཤྀང་མྱྀ་འཆག
- ཤྀང་མ་ཆག་དང་ཚང་མྱི་ཞིག།
- ཚང་མྱི་ཞིག་པར་སྒོ་ང་མྱི་ཆག་སྟེ།
- རྀས་སྒོ་ང་གཆག་དུ་དེ་ལྟར་མྱི་ཆོགས་སོ།།
- ཞེས་ལན་བཏབ་པ་དང་།
- བོད་ཀྱི་སྤུ་རྒྱལ་ནྀ་ཉི་མ་དང་འདྲའ།
- རྒྱ་རྗེ་ནྀ་ཟླ་བ་དང་འདྲ་སྟེ།།
- རྒྱལ་པོ་ཆེད་པོར་འདྲའ་མོད་གྱོང་།།
- གནམ་མཐའ་འོག་ཏུ་འོད་ཐ་དད་དོ།།
- ཞེས་པ་ལྟ་བུའི་ཤགས་ཚིག་འདི་ནི་ཐོལ་བྱུང་རྩོམ་ཡིག་ལས་
- ཇི་བཞིན་བརྗོད་པའི་ཐོལ་རྩོམ་དང་དགག་སྒྲུབ་ཐོལ་རྩོམ་གྱི་
- ཚད་གཞི་གང་རུང་དང་འོས་མཉམ་པར་འདུག
- འདི་ལྟ་བུ་ནི་དངོས་གནས་ཐོལ་རྩོམ་གྱི་མ་དཔེ་རུ་བགྲང་འོས།
- ཐོལ་བྱུང་རྩོམ་ཡིག་གི་ནང་དུ་ཡང་
- ཇི་བཞིན་བརྗོད་པའི་ཐོལ་བྱུང་གི་རྩོམ་ཡིག་དང་།
- ཡང་ན་དགག་སྒྲུབ་ཀྱི་ཐོལ་བྱུང་གི་རྩོམ་ཡིག
- གསལ་བཤད་ཀྱི་ཐོལ་བྱུང་གི་རྩོམ་ཡིག་ལ་སོགས་པའི་
- དབྱེ་སྟངས་འདུག
- གོང་གི་འདི་ལྟ་བུའི་རྩོམ་དཔེ་ལ་མཚོན་ན།
- ཇི་བཞིན་བརྗོད་པའི་ཐོལ་རྩོམ་རེད་ཅེས་བརྗོད་ཀྱང་ཆོག་ལ།
- ཡང་ན་ཕན་ཚུན་ཤགས་འགྱེད་པ་འདི་
- ཇི་བཞིན་བརྗོད་པའི་རྩོམ་ཡིག་རེད།
- ཡང་ན་ཕན་ཚུན་གྱི་ལྟ་བར་དགག་སྒྲུབ་བྱས་འདུག
- དཔེར་ན་རྒྱའི་དམག་དཔོན་གྱིས་
- བྲག་གི་བརྗིད་ཐེགས་པའི་སྒོ་ང་ཞིག་གང་ན་ཡོད།
- མེ་ཅི་འདྲ་འབར་ན་མཚོ་ཆེན་པོའི་རླབས་ཀྱིས་མི་སོད་པ་གང་ན་ཡོད།
- ཅེས་སྨྲས་པ་ལ།
- མགར་ཁྲི་འབྲང་གིས་བཤད་རྒྱུར།
- རི་ཆེན་པོའི་སྟེང་ན་བྲག་ཡོད།
- བྲག་གི་ཁ་ན་ཤིང་ཡོད།
- ཤིང་གི་ཁ་ན་ཚང་ཡོད།
- ཚང་གི་ནང་ན་ད་གཟོད་སྒོ་ང་ཡོད་ཅེས་བརྗོད་ནས།
- བྲག་མ་འགྲིབ་བར་ཏུ་ཤིང་མི་ཆག
- ཤིང་མ་ཆག་བར་ཏུ་ཚང་མི་བཤིག
- ཚང་མ་བཤིག་བར་ཏུ་སྒོ་ང་མི་ཆག
- འདི་ལྟ་བུ་ནི་དངོས་གནས་དཔེ་གསོན་ཉམས་ལྡན་ལ།
- འདིའི་སྟེང་ནས་དུས་སྐབས་དེར།
- མགར་ཁྲི་འབྲང་གིས་རྒྱ་དམག་ཁྲི་ཉི་ཤུ་ལྷག་
- ཆམ་ལ་ཕབ་ནས་རྒྱ་དུར་ཐང་ལ་སོགས་པའི་
- ས་མིང་བཏགས་པར་རྒྱུ་མཚན་ཡོད་པར་འདོད།
- བློ་རིག་དང་ཐབས་ཇུས་ཀྱི་སྟེང་ནས་བརྗོད་ན་ཡང་
- མགར་ཁྲི་འབྲང་ནི་མི་ཅི་ལྟ་བུ་ཞིག་ཡིན་པ་ཤེས་ཐུབ།
- འདི་ནི་རྩོམ་རིག་མ་ཟད།
- དམག་དོན་ལ་སོགས་པར་ཞིབ་འཇུག་བྱེད་པའི་
- ཇུས་གཞིའི་སྟེང་ནས་བརྗོད་ནཡང་
- མགར་ཁྲི་འབྲང་གི་བསམ་བློ་ལ་ཞིབ་འཇུག་བྱེད་པའི་
- ཐབས་མཆོག་ཏུ་གྱུར་བ་ཞིག་རེད།
- དེ་བས་འདི་ནི་རྩོམ་རིག་ལ་མཚོན་ནས་བརྗོད་ན་
- ཐོལ་རྩོམ་གྱི་ནང་གི་ཇི་བཞིན་བརྗོད་པའི་ཐོལ་རྩོམ་རེད་ཅེས་བརྗོད་ཆོག་ལ།
- དགག་སྒྲུབ་ཀྱི་ཐོལ་རྩོམ་རེད་ཅེས་བརྗོད་ཡང་ཆོག
- འདི་འདྲའི་ཚིག་ཉུང་ལ་དོན་བསྡུས་པ།
- དོན་གསལ་བོ།
- ཕ་རོལ་བར་དོན་གང་ཞིག་དགག་པའི་ལན་གསལ་བོ་
- འདེབས་ཐུབ་པའི་ཚིག་ནི་ཐོལ་རྩོམ་རེད།
- དེ་བས་ཐོལ་རྩོམ་གྱི་འབྲི་ལུགས་དང་ཚད་གཞི།
- རྣམ་པ་བཅས་ནི་རྒྱ་ནག་ལ་ལད་མོ་བྱས་ནས་བྱུང་བར་
- བརྗོད་ཀྱང་འགལ་བ་ནི་མེད་པར་འདོད།
- འོན་ཀྱང་རྩོམ་ལུས་འདི་དང་མཐུན་པའི་བརྩམས་ཆོས་ནི་
- སྔོན་མ་ནས་བཟུང་བོད་ལ་ཡོད་དམ་ཞེ་ན།
- ཏུན་ཧོང་གཏེར་ཡིག་ལས་འདི་ལྟ་བུའི་ཐར་ཐོར་རེ་མཐོང་རྒྱུ་འདུག