Skip to main content Skip to search
16 Apr 2013
21 min 3 sec
Video Overview
Creators: 
Unknown

བོད་ཁུལ་གྱི་དགོན་སྡེ་རྣམས་ལ་སོ་སོར་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་ཕྱག་ལེན་ཡོད་པ་དང་། གྲུབ་མཐའི་དབང་གིས་ཆོ་ག་ཕྱག་ལེན་མི་འདྲ་བ་དང་། ཆོས་རྒྱུན་མི་འདྲ་བ། ཉམས་ལེན་བྱེད་སྟངས་མི་འདྲ་བ་སོགས་ཡོད་ལ། དེ་ལས་གཞན་དགོན་པའི་འཛུགས་སྐྲུན་དང་ཕྱིའི་རྣམ་པ་ལ་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད། དཔེར་ན། ས་སྐྱ་པའི་ཆོས་རྒྱུད་འཛིན་མཁན་གྱི་དགོན་པ་རྣམས་ཀྱི་གྱང་ངོས་ལ་རིགས་གསུམ་མགོན་པོ་མཚོན་ས་ཚོན་མདོག་གསུམ་ཅན་བྱུགས་ཡོད་པ་ལྟ་བུ་རེད། དེ་བཞིན་དགོན་པ་གཅིག་ནང་གི་གྲྭ་ཚང་སོ་སོའི་ཆོ་ག་ཕྱག་ལེན་ལ་ཡང་མི་འདྲ་ས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པས། ཆོ་ག་ཕྱག་ལེན་གྱི་འབྱུང་ཁུངས་དང་འཕེལ་འགྱུར་ལ་ཞིབ་འཇུག་བྱས་ན་ཆོས་རྒྱུད་དང་བླ་རྒྱུད་ཀྱི་གནས་ཚུལ་ཞིབ་མོར་རྟོགས་ཐུབ། བརྙན་ཐུང་འདིར་མདོ་སྨད་གཅན་ཚའི་ཡུལ་གྱི་གསང་སྒྲོག་དགོན་པའི་དགེ་འདུན་པ་རྒན་པ་དགེ་སློང་བསྟན་འཛིན་ཕུན་ཚོགས་ཀྱིས་དགོན་པའི་ཆོས་སྤྱོད་ཕྱག་ལེན་དང་ཆོ་ག་སོགས་ཞིབ་ཏུ་ངོ་སྤྲོད་བྱས་ཡོད། དེ་ཡང་ཐོག་མར་གསང་སྒྲོག་དགོན་པ་འདི་རིམ་པར་བསྐྱངས་པའི་བླ་སྤྲུལ་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་། གསང་སྒྲོག་དགོན་པའི་མཐའ་འཁོར་དུ་ཡོད་པའི་དགོན་པ་རྣམས་ཀྱང་རིམ་བཞིན་ངོ་སྤྲོད་བྱས་ཡོད། དེར་གཙོ་བོར་དགོན་པའི་ཆོས་སྤྱོད་ཕྱག་ལེན་གྱི་ཆ་ནས་རྒྱ་ལོའི་སྨོན་ལམ་སྐབས་སུ་གཙོ་ཆེར་དམིགས་བརྩེ་མ་གསུང་དགོས་པ་དང་། ཟླ་གཉིས་པའི་ནང་དུ་དུས་རྒྱུན་ལྟར་བཅོ་ལྔ་གནམ་གང་ཚེས་བརྒྱད་སོགས་དུས་བཟང་གི་སྐབས་སུ་མཆོད་པ་ཆག་མེད་དུ་བྱེད་པ་ཡིན། ཟླ་གསུམ་པའི་ནང་དུ་གསུམ་པའི་བདག་འཇུག་སྟེ། བདེ་མཆོག་གི་བདག་འཇུག་ལས་ལི་ལུགས་ཀྱི་བདག་འཇུག་འདོན་པ་ཡིན། ཚེས་ཉེར་ལྔའི་ཉིན་ཚོགས་འགོ་བརྩམས་ཏེ་ཉིན་བདུན་ལ་ཚ་ཕྱོགས་འདོན་པ་དང་བདེ་མཆོག་གི་དཀྱིལ་འཁོར་བཞེངས་པ། ཚེས་གསུམ་ནས་ཚོགས་མང་འཚོགས་ཏེ་བདེ་མཆོག་བསྒྲུབས་པ། ཚེས་བཅུ་ཉིན་གསུམ་པའི་བདག་འཇུག་གི་དབང་འཁོར་ལོ་འདོན་པའི་བདེ་མཆོག་གི་སྦྱིན་སྲེག་ལྡུགས་པ་ཡིན། ཚེས་བཅོ་ལྔའི་ཉིན་ལམ་སྤྱོད་སྨོན་ལམ་གསུངས་པ་དང་། ཚེས་ཉེར་ལྔའི་ཉིན་བདེ་མཆོག་ཚོགས་རྐྱང་བདག་འདུ་གཉིས་གསུངས། ཚེས་ཉེར་དགུ་ཉིན་འཇིགས་བྱེད་ལྷ་བཅུའི་ཚུད་མ་གསུངས་བ་ཡིན། ཟླ་བཞི་པའི་ཚེས་དྲུག་ཉིན་ནས་བཟུང་ཉིན་རེར་སྒྲོལ་མའི་མཆོད་པ་ཚར་གཉིས་དང་སྨན་བླའི་མཆོད་པ་ཚར་གཅིག ལམ་ཕྱོགས་མཆོད་པ་ཚར་གཅིག རྣམ་བཅུའི་མཆོད་པ་ཚར་གཅིག་བཅས་ཁྱོན་བསྡོམས་མཆོད་པ་ཚར་དྲུག་འབུལ་བ་དང་གྲྭ་མང་ནས་ཀྱང་ཉིན་རེར་རང་རང་གིས་མཆོད་པ་ཚར་བརྒྱ་རེ་འབུལ་བ་ཡིན། ཚེས་བཅུ་བཞིའི་ཉིན་སྨྱུང་གནས་ཀྱི་གུང་ཚིགས་བཞེས་པ། བཅོ་ལྔའི་ཉིན་ཐུན། བཅུ་དྲུག་གི་ཉིན་སྨྱུང་གནས་ལས་འབུད་པ་ཡིན། ཚེས་བཅུ་དྲུག་གི་ཕྱི་དྲོ་ནས་ལོག་བུ་རྒྱལ་པོའི་ཆོས་ཐོག་འཛུགས་པ། ཚེས་བཅུ་བདུན་ནས་ཚེས་ཉེར་གཉིས་བར་ཉིན་རེར་ལོག་བུ་རྒྱལ་པོ་ཚར་གསུམ་རེ་གསུངས་པ་ཡིན། ཟླ་ལྔ་པའི་ནང་དམིགས་གསལ་གྱི་ཆོས་ཐོག་མེད་པར་ཚེས་བརྒྱད་ཉིན་སྨན་བླའི་དུས་བཟང་དང་། ཚེས་བཅུ་ཉིན་བདེ་མཆོག་གི་དུས་བཟང་། ཚེས་བཅོ་ལྔའི་ཉིན་ལམ་སྤྱོད་དང་ཆོས་སྤྱོད་སོགས་སྨོན་ལམ་ཕྱོགས་བསྡུས་ཀྱིས་གསུངས་པ་ཡིན། ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་སུ་བཞུགས་པ་དང་། དབྱར་གནས་ཀྱི་སྐབས་སུ་དགོན་པ་གཞུང་ནས་ཉིན་རེར་མཆོད་པ་ཚར་སྟོང་རེ་ཆག་མེད་དུ་འབུལ་དགོས་པ་ཡིན། དབྱར་གནས་ཉིན་ཞེ་ལྔའི་ནང་རྣམ་བཅུའི་ཕྱག་མཆོད་དང་རྣམ་བཅུའི་བསྟོད་པ་མགོ་ནས་ཉིན་བདུན། སྐེད་ནས་ཉིན་བདུན། བར་ནས་ཉིན་བདུན་ལ་འདོན་པ་མ་ཟད། ལམ་སྤྱོད་དང་དམར་གདུང་ཕྱག་མཆོད་ཡང་ཞལ་འདོན་བྱེད་པ་ཡིན། ཟླ་བརྒྱད་པའི་ཚེས་གཅིག་ཉིན་དབྱར་གནས་ལས་བུད་དེ་གསོ་སྦྱོང་དུ་འགྲོ་བ་ཡིན། ཟླ་དགུ་པའི་ནང་དུ་ཚེས་ཉེར་གཉིས་ཉིན་གྱི་སྨྱུང་གནས་ལས་དགོན་པ་རང་གི་ཆེད་དམིགས་ཀྱི་དུས་ཆོག་མེད་པ་རེད། ཟླ་བཅུ་པའི་ཚེས་ལྔ་ནས་བཅུའི་བར་སེང་གདོང་གཙོ་འཁོར་གསུམ་པའི་བཟློག་པ་འཛུགས་པ་སྟེ། ཚེས་ལྔ་ནས་ཚེས་བརྒྱད་ཀྱི་ལྔ་དྲོའི་བར་སེང་གདོང་གི་སྔགས་འདོན་པ་དང་། ཚེས་བརྒྱད་ཀྱི་ཕྱི་དྲོ་ནས་བཟློག་པ་བསྒྲུབས་ཏེ་ཚེས་བཅུའི་ཕྱི་དྲོར་བཟློག་པ་འཕེན་པ་ཡིན། ཚེས་ཉེར་ལྔའི་ལྔ་མཆོད་ཆེན་མོར་གསང་འདུས་འདོན་པ་དང་ཚེས་ཉེར་ལྔའི་ཕྱི་དྲོར་སྐྱ་ནག་གི་སྔགས་པ་རྣམས་གསང་སྒྲོག་དུ་འོང་ནས་རྟ་མགྲིན་གྱི་བཟློག་པ་འཛུགས་པ་ཡིན། ཚེས་ཉེར་དྲུག་ཉིན་མགོན་ཆོས་ཀྱི་འདོན་རྟ་དབྱངས་གསུམ་ཆ་ཚང་འདོན་པ་དང་། ཚེས་ཉེར་བརྒྱད་ཉིན་མགུ་གྲགས་བཏོན་ཏེ་འཆམ་རྩེས་པ་ཡིན། ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ནས་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་བར་དགུན་མཚམས་སུ་བཞུགས་ཏེ་དཔེ་གཟིགས་གནང་བ་སོགས་རི་བོ་དགེ་ལུགས་པའི་ཆོས་སྡེ་ཀུན་གྱི་ཆོ་ག་ཕྱག་ལེན་རྣམས་མ་ཚང་བ་མེད་པར་ཕྱག་བསྟར་གནང་བ་མ་ཟད། དགོན་པ་རང་གི་ཐུན་མོང་མ་ཡིན་པའི་ཆོ་གའི་སྲོལ་ཡང་རྒྱུན་བསྟར་གནང་བཞིན་ཡོད་པ་རེད།

མདོ་སྨད་གཅན་ཚའི་གསང་སྒྲོག་དགོན་པའི་དགེ་སློང་བསྟན་འཛིན་ཕུན་ཚོགས་ཀྱིས་དགོན་པའི་ཆོས་སྤྱོད་ཕྱག་ལེན་དང་ཆོ་ག་སོགས་ཞིབ་ཏུ་ངོ་སྤྲོད་བྱེད་པ།

Bhikshu Tendzin Püntsok speaks about the rituals of Sangdrok Monastery in Chentsa, Amdo.

བརྙན་ཐུང་འདིར་མདོ་སྨད་གཅན་ཚའི་ཡུལ་གྱི་གསང་སྒྲོག་དགོན་པའི་དགེ་འདུན་པ་རྒན་པ་དགེ་སློང་བསྟན་འཛིན་ཕུན་ཚོགས་ཀྱིས་དགོན་པའི་ཆོས་སྤྱོད་ཕྱག་ལེན་དང་ཆོ་ག་སོགས་ཞིབ་ཏུ་ངོ་སྤྲོད་བྱས་ཡོད། དེ་ཡང་ཐོག་མར་གསང་སྒྲོག་དགོན་པ་འདི་རིམ་པར་བསྐྱངས་པའི་བླ་སྤྲུལ་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་། གསང་སྒྲོག་དགོན་པའི་མཐའ་འཁོར་དུ་ཡོད་པའི་དགོན་པ་རྣམས་ཀྱང་རིམ་བཞིན་ངོ་སྤྲོད་བྱས་ཡོད། དེར་གཙོ་བོར་ཟླ་བ་རེ་རེར་དགོན་པའི་ཆོས་སྤྱོད་ཕྱག་ལེན་དང་ཆོ་ག་སོགས་རིམ་བཞིན་ངོ་སྤྲོད་བྱས་ཡོད།

Transcript search
No results found for this search
0 of 0