Video Overview
Bhutan has four different zhey, which are songs performed by men. Ugyenla says that Nubi Zhey, the folk song from Bji, was composed, choreographed and performed by creative senior citizens of Bji village during the 17th century. The song has been passed down from the zheypoens (dance leaders) such as Tshering Drugyel, Peljor La, Tobgyal La, and Sonam La. The present leader is Ugyen La. This zhey was performed during Trongsa Tshechu, but once it stopped appearing in the programme, the dance became endangered. Now the district is working to revive it again to include in the festival. Before the song was performed by the men of Bji and Sengbji villages during village festivals.
༉ གཞས་ཟེར་ ང་བཅས་ར་འབྲུག་རྒྱལ་ཁབ་ནང་ ཡོངས་གྲགས་ཅན་གྱི་གཞས་ ལྷམ་པ་མ་འདྲཝ་བཞི་དེ་ཅིག་ཡོདཔ་ཨིན། དེ་ཡང་ ཀྲོང་གསར་ནུབ་སྦིས་གཞས་དང་མགར་སའི་དགོན་གཞས། དེ་ལས་ ཐིམ་ཕུ་གི་ཝང་གཞས་དང་སྤ་རོ་འོ་ཆུ་པའི་གཞས་ཚུ་ཨིན། གཞས་དེ་ཚུ་རྐྱངམ་ཅིག་ཨིན་ན་ཟེར་བ་ཅིན་ ད་རུང་ ཡོངས་གྲགས་གནམ་མེད་ས་མེད་ མེད་པའི་གཞས་རྟ་ལོག་གི་གཞས་དང་དཀར་སྦིས་གཞས་ལ་སོགས་པ་ཚུ་ཡོདཔ་ཨིན་པས། དེའི་ནང་ལས་ ད་ལྟོ་ཀྲོང་གསར་རྫོང་ཁག་ནུབ་སྦིས་རྒེད་འོག་ལས་ཨོ་རྒྱན་ལ་གིས་ ནུབ་སྦིས་གཞས་འདི་འཐེནམ་ཨིནམ་ད་ འགྲེལ་བཤད་ཅོག་ར་འཐདཔ་སྦེ་བཞག་མི་འདི་ གློག་བརྙན་གྱི་དུས་ཡུན་རིང་དྲགསཔ་ལས་བརྟེན་ བམ་ཚན་གཉིས་སྦེ་བཟོ་སྟེ་ཡོད་ས་ལས་ གཉིས་པ་དེ་ཨིན་པས། ཁོ་གིས་སླབ་མི་ནང་ ནུབ་སྦིས་གཞས་འདི་ ཞབས་དྲུང་ཞལ་བཞུགས་པའི་སྐབས་ལས་ར་ སྦྱིའི་གཡུས་ཚན་ལས་མི་རྒན་ཤོས་ཅིག་གིས་ གཞས་ཀྱི་ལེའུ་རིངམོ་སྦེ་བརྩམས་གནང་གནངམ་མ་ཚད་ འགོ་དང་པ་ དེ་བསྒང་འཁྲབ་གནང་གནངམ་ཨིན་པས། འ་ནཱི་གཞས་འདི་ གཞས་དཔོན་ཚེ་རིང་འབྲུག་རྒྱལ་དང་དཔལ་འབྱོར་ལ། སྟོབས་རྒྱས་ལ་དང་བསོད་རྣམས་ལ་ཚུ་ལས་ ད་ལྟོ་ཡོད་པའི་གཞས་དཔོན་ ཨྱོན་ལ་ཚུན་བརྒྱུད་དེ་འོང་འོངམ་ཨིན་པས། ཧེ་མ་ ཀྲོང་གསར་ཚེས་བཅུའི་སྐབས་ གཞས་འདི་འཁྲབ་ནི་ཡོདཔ་ཨིན་རུང་ བར་ན་ཁམས་ཅིག་ལས་མཚམས་འཇོག་འབད་དེ་བཞག་དཔ་ལས་ ནུབ་སྦིས་གཞས་འདི་ ཧ་ལམ་ཉམས་ནི་གུ་ལྷོད་ནུག ཨིན་རུང་ གཞས་འདི་ ཁག་ཆེ་བའི་ལམ་སྲོལ་ཅིག་ཨིནམ་གོ་རྟོགས་བྱུང་ཞིནམ་ལས་ཚུར་ ཀྲོང་གསར་རྫོང་ཁག་གིས་ གཞས་འདི་ ད་རེས་ནངས་པར་ ཀྲོང་གསར་ཚེས་བཅུའི་སྐབས་ ལོག་རྐྱབ་དོ་ཡོདཔ་ཨིན་མས། ཧེ་མ་འབད་བ་ཅིན་ གཡུས་ཚན་ནང་ ལྷ་བོན་ཆོ་ག་དང་ཀྲོང་གསར་ཚེས་བཅུ་ དེ་ལས་ རྫོང་ནང་ལུ་གལ་ཆེ་བའི་དགའ་སྟོན་གྱི་སྐབས་ལུ་ སྦྱིས་དང་སེང་སྦྱིས་ཀྱི་ཕོ་སྐྱེས་ཚུ་གིས་རྐྱབ་སྲོལ་ཡོདཔ་ཨིན་མས། འ་ནཱི་ནུབ་སྦིས་གཞས་འདི་ སྐྱེས་བོ་དམ་པ་ཚུ་ལུ་གུས་བཏུད་ཕུལ་བའི་བརྡ་མཚོན་ཨིན་མས།
- Trongsa
- ཨོ་རྒྱན་ལ་/ Ugyen Laབྱ་ཐང་དཀར་རྒོད་པོའི་ལུས་འདི་ལ། །ད་ཚང་པ་རྣམས་སུ་ལུས་ལུ་ཚང་། །ད་ཚང་པ་རྣམས་སུ་ལུས་ལུ་ཚང་། །ད་རྒོད་པོ་ང་ཡི་ལུས་ལུ་ཚང། །ད་བྱིའུ་ཅུང་ལྔ་གསུམ་བཅོ་ལྔ་ཡང་། །ད་རྒོད་པོ་ང་ཡི་ལུས་ལུ་ཚང་། །
- ཨོ་རྒྱན་ལ་/ Ugyen Laད་སྒོང་རྡོག་བཞི་གསུམ་བཅུ་གཉིས་ཡང་། །ད་རྒོད་པོ་ང་ཡི་ལུས་ལུ་ཚང། །ད་གཤོག་སྒྲོ་བང་རིམ་བཅུ་གསུམ་ཡང་། །ད་རྒོད་པོ་ང་ཡི་ལུས་ལུ་ཚང་།
- ཨོ་རྒྱན་ལ་/ Ugyen Laད་མཇུག་མ་ལེགས་སྒྲོ་བཅུ་གཉིས་ཡང་། །ད་རྒོད་པོ་ང་ཡི་ལུས་ལུ་ཚང་། །ད་སྤུ་རིས་ཉི་ཤུ་རྩ་གཅིག་ཡང་། །ད་རྒོད་པོ་ང་ཡི་ལུས་ལུ་ཚང། །ད་རྒྱང་རིང་མཐོང་བའི་མིག་རྒྱང་ཡང་། །ད་རྒོད་པོ་ང་ཡི་ལུས་ལུ་ཚང་། །བཞུགས་བཞུགས་ལས། །
- ཨོ་རྒྱན་ལ་/ Ugyen Laབཞུགས་ད་རེས་དགུང་སྟོད་མཐོན་པོ་བཞུགས། །ཕྱི་དགུང་སྟོད་བལྟ་སྟེ་བཞུགས་པོ་(པ་)མེན། །ནང་ཁྲི་གདུགས་བལྟ་སྟེ་བཞུགས་པོ་(པ་)ཨིན། །
- ཨོ་རྒྱན་ལ་/ Ugyen Laབཞུགས་ད་རེས་གངས་སྟོད་མཐོན་པོ་བཞུགས། །ཕྱི་གངས་སྟོད་བལྟ་སྟེ་བཞུགས་པོ་(པ་)མེན། །ནང་སེང་གེ་བལྟ་སྟེ་བཞུགས་པོ་(པ་)ཨིན། །
- ཨོ་རྒྱན་ལ་/ Ugyen Laབཞུགས་ད་རེས་སྤང་སྟོད་མཐོན་པོ་བཞུགས། །ཕྱི་སྤང་སྟོད་བལྟ་སྟེ་བཞུགས་པོ་(པ་)མེན། །ནང་ཤཝ་རྒས་བལྟ་སྟེ་བཞུགས་པོ་(པ་)ཨིན། །
- ཨོ་རྒྱན་ལ་/ Ugyen Laབཞུགས་ད་རེས་མཚོ་སྟོད་མཐོན་པོ་བཞུགས། །ཕྱི་མཚོ་སྟོད་བལྟ་སྟེ་བཞུགས་པོ་(པ་)མེན། །ནང་གསེར་མིག་བལྟ་སྟེ་བཞུགས་པོ་(པ་)ཨིན། །
- ཨོ་རྒྱན་ལ་/ Ugyen Laབཞུགས་ད་རེས་དགོན་བཟང་ཁྲ་མོ་བཞུགས། །ཕྱི་དགོན་བཟང་བལྟ་སྟེ་བཞུགས་པོ་(པ་)མེན། །ནང་མཚན་ལྡན་བལྟ་སྟེ་བཞུགས་པོ་(པ་)ཨིན། །
- ཨོ་རྒྱན་ལ་/ Ugyen Laབཞུགས་ད་རེས་རྫོང་ཆེན་ཁྲ་མོ་བཞུགས། །ཕྱི་རྫོང་ཆེན་བལྟ་སྟེ་བཞུགས་པོ་(པ་)མེན། །ནང་དབང་ཆེན་བལྟ་སྟེ་བཞུགས་པོ་(པ་)ཨིན། །
- ཨོ་རྒྱན་ལ་/ Ugyen Laབཞུགས་ད་རེས་གཡུས་བཟང་ཁྲ་མར་བཞུགས། །ཕྱི་གཡུས་བཟང་བལྟ་སྟེ་བཞུགས་པོ་(པ་)མེན། །ནང་ཡབ་ཡུམ་བལྟ་སྟེ་བཞུགས་པོ་(པ་)ཨིན།།
- ཨོ་རྒྱན་ལ་/ Ugyen Laཡ་་་་་་དབུས་ཀྱི་རི་བོའི་ཆོས་རབ་རྩེ། །གླིང་བཞི་ཀུན་གྱི་དབུས་ན་མཛེས། །ཟླ་བའི་དབུས་ན་ཉི་མའི་དཀྱིལ་འཁོར་མཛེས། །
- ཨོ་རྒྱན་ལ་/ Ugyen Laཡ་་་་་་ཀུན་ལ་ཕན་ཆེ་(བདེ་)འགྲུབ་པའི་དཔལ་དུ་ཤར། །ཡ་་་་་་་་མི་བརྒྱའི་དབུས་ན་རྒྱ་བཟའ་དབང་ཕྱུག་བཞུགས། །རྒྱ་མཚོ་ནང་དུ་ཡིད་བཞིན་ནོར་བུ་བཞུགས། །
- ཨོ་རྒྱན་ལ་/ Ugyen Laཡ་་་་་་་་ཉེ་ཚེ་ཀུན་གྱི་(དགོས་འདོད་ཐམས་ཅད་འབྱུང་བའི་)དཔལ་དུ་ཤར། །ཡ་་་་་་་་ཕོ་བྲང་འགྱུར་མེད་རབ་རྩེ་ན། །སྡེ་སྲིད་མི་ཡི་དབང་པོ་བཞུགས། །ཡ་་་་་་་དུས་མི་འགྱུར་བརྟན་པའི་དཔལ་དུ་ཤར། །ཡ་་་་་་དུས་མི་འགྱུར་བརྟན་པའི་དཔལ་དུ་ཤར།།
- ཨོ་རྒྱན་ལ་/ Ugyen La[སྐོང་ཡུལ་ལ་ཟེར་ཏེ་ཤོག་ཤོག་ལེ?]། །ཤར་ཕྱོགས་ཕི་ལས་ཐོན་པའི། །[གངས་དང་ཤ་ཅུང་རང་ཡང་། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །?]
- ཨོ་རྒྱན་ལ་/ Ugyen La[གངས་དང་ཤ་ཅུང་རང་ཡང་། །ལོས་ལོས་ལོས། གཅིག་དང་གཅིག་འགྲོགས་བྱེད། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །?]
- ཨོ་རྒྱན་ལ་/ Ugyen La[གངས་དང་ཤ་ཅུང་རང་ཡང་། །ལོས་ལོས་ལོས། སྒ་ཆ་གསེར་སྒ་དངུལ་སྒ་བྱེད། །བྱེད་ནས་སྲུང་མོ་(མ་)དགྱེས་པས་ཨའོ། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །?]
- ཨོ་རྒྱན་ལ་/ Ugyen Laགངས་དང་ཤ་ཅུང་རང་ཡང་། །འདི་ལ་མི་སྡོད། མཚན་ལྡན་བླ་མའི་ཆིབས་རྟ་ལ། །ལོག་འགྲོ་སྲུང་མོ་(མ་)དགྱེས་པས་ཨའོ། །ལོག་འགྲོ་སྲུང་མོ་(མ་)དགྱེས་པས་ཨའོ། །?]
- ཨོ་རྒྱན་ལ་/ Ugyen La[རྒྱ་ནག་ཟེར་ཏེ་ཤོག་ཤོག་ལོས?]། །རྒྱ་ནག་གཏིང་ལས་ཐོན་པའི། །རྨ་བྱ་སྔོན་མོ་རང་ཡང་། །[ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །?]
- ཨོ་རྒྱན་ལ་/ Ugyen La[རྨ་བྱ་སྔོན་མོ་རང་ཡང་། །ལོས་ལོས་ལོས། གཅིག་དང་གཅིག་འགྲོགས་བྱེད། །བྱེད་ནས་སྲུང་མོ་(མ་)དགྱེས་པས་ཨའོ། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །?]
- ཨོ་རྒྱན་ལ་/ Ugyen La[རྨ་བྱ་སྔོན་མོ་རང་ཡང་། །ལོས་ལོས་ལོས། མདོངས་སྒྲོ་སྔོན་མོ་བྱེད་ནས། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །?]
- ཨོ་རྒྱན་ལ་/ Ugyen La[གྲོང་ཡུལ་ཟེར་ཏེ་ཤོག་ཤོག་ལོས། །གྲོང་ཡུལ་ཕི་ལས་ཐོན་པའི། །དཔའ་ཤེས་སྤུན་ཅུ་རང་ཡང་། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །?]
- ཨོ་རྒྱན་ལ་/ Ugyen La[དཔའ་ཤེས་སྤུན་ཅུ་རང་ཡང་། །ལོས་ལོས་ལོས། གཅིག་དང་གཅིག་འགྲོགས་བྱེད། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །ལྷོ་ཡི་སྲུང་མོ་(མ་)དགྱེས་པས་ཨའོ། །?]
- ཨོ་རྒྱན་ལ་/ Ugyen La[དཔའ་ཤེས་སྤུན་ཅུ་རང་ཡང་། །ལོས་ལོས་ལོས།?] གླུ་དང་གཞས་ཀྱི་ཕྱག་རྒྱ་བྱེད། །[བྱེད་ནས་སྲུང་མོ་(མ་)དགྱེས་པས་ཨའོ། །བྱེད་ནས་སྲུང་མོ་(མ་)དགྱེས་པས་ཨའོ། །?]
- ཨོ་རྒྱན་ལ་/ Ugyen La[དཔའ་ཤེས་སྤུན་ཅུ་རང་ཡང་། །འདི་ལ་མི་སྡོད།?] མཚན་ལྡན་བླ་མའི་ཞབས་ས་ལ། །[ལོག་འགྲོ་སྲུང་མོ་(མ་)དགྱེས་པས་ཨའོ། །ལོག་འགྲོ་སྲུང་མོ་(མ་)དགྱེས་པས་ཨའོ།།?]
- ཨོ་རྒྱན་ལ་/ Ugyen La[ཡ་་་་་ད་ལེགས་སོ་ལེགས་ཡ་ད། །གཞས་ལ་རྒྱན་དེ་ལང་པོ་(པ་)མེད། །ཚིག་གི་དབྱངས་དང་འགྲིགས་པོ་(པ་)ཨིན། །?]
- ཨོ་རྒྱན་ལ་/ Ugyen Laབརྟན་པ་ཡོང་ཡོང་ག་ནས་ཡོང་། །བརྟན་པ་ཡོང་ཡོང་བོད་ནས་ཡོང་། །བརྟན་པ་བོད་ནས་ཡོང་ཙ་ན། །བརྟན་པ་ཕྱིན་ཕྱིན་གང་དུ་ཕྱིན། །ཡར་གྱི་དགོན་བཟང་ཁྲ་མོར་ཕྱིན། །དགོན་བཟང་ཁྲ་མོར་ཕྱིན་ཙ་ན། །མཚན་ལྡན་བླ་མ་རིན་པོ་ཆེ། །ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆི། །
- ཨོ་རྒྱན་ལ་/ Ugyen Laབརྟན་པ་ང་ལ་ཆོས་ཅིག་ཞུ། །བརྟན་པ་ང་ལ་སྒོམ་ཅིག་ཞུ། །མཚན་ལྡན་བླ་མའི་ཐུགས་དགོངས་ལས། །བརྟན་པ་ཁྱོད་ཀྱིས་ཆོས་མི་ཡོང་། །བརྟན་པ་ཁྱོད་ཀྱིས་སྒོམ་མི་ཡོང་། །བརྟན་པ་ཁྱོད་ཀྱིས་ཆོས་ཡོང་ན། །བརྟན་པ་ཁྱོད་ཀྱིས་སྒོམ་ཡོང་ན། །སྡོད་པའི་ཁང་པ་མི་འབོར་ལ། །[རྨོ་བའི་ཞོང་ཞིང་?]མི་འབོར་ལ། །འདི་གཉིས་མེད་ན་ཆོས་ཅིག་ཡོང་། །འདི་གཉིས་མེད་ན་སྒོམ་ཅིག་ཡོང་།
- ཨོ་རྒྱན་ལ་/ Ugyen Laཡབ་ཆེན་ཨ་པ་མི་འབོར་ལ། །ཡུམ་ཆེན་ཨ་མ་མི་འབོར་ལ། །འདི་གཉིས་མེད་ན་ཆོས་ཅིག་ཡོང་། །འདི་གཉིས་མེད་ན་སྒོམ་ཅིག་ཡོང་། །སེམས་རྟེན་བཙུན་མོ་མི་འབོར་ལ། །བློ་གཏད་སྲས་པོ་མི་འབོར་ལ། །འདི་གཉིས་མེད་ན་ཆོས་ཅིག་ཡོང་། །འདི་གཉིས་མེད་ན་སྒོམ་ཅིག་ཡོང་། །མཚན་ལྡན་བླ་མ་རིན་པོ་ཆེ། །ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆི། །
- ཨོ་རྒྱན་ལ་/ Ugyen Laབརྟན་པ་ང་ལ་ཆོས་ཅིག་ཞུ། །བརྟན་པ་ང་ལ་སྒོམ་ཅིག་ཞུ། །སྡོད་པའི་ཁང་པ་ལོས་ཀྱང་ཡོད། །དང་པོ་བཞེངས་ཚེ་དགའ་ཚོར་ཆེ། །སྡུག་བསྔལ་མྱོང་ཚེ་མྱ་ངན་སྦོམ། །འདི་གི་ཕྱོགས་སུ་སྐྱོ་བ་སྐྱེས། །སྐྱོ་བ་སྐྱེས་ཚེ་ཆོས་ཅིག་དྲན། །ཡིད་ལ་ཤར་ན་སྒོམ་ཅིག་དྲན། །བརྟན་པ་ང་ལ་ཆོས་ཅིག་ཞུ། །བརྟན་པ་ང་ལ་སྒོམ་ཅིག་ཞུ། །
- ཨོ་རྒྱན་ལ་/ Ugyen Laཡབ་ཆེན་ཨ་པ་ལོས་ཀྱང་ཡོད། །དང་པོ་བྱུང་ཚེ་དགའ་ཚོར་ཆེ། །དགུང་ལོ་རྒས་ཚེ་མྱ་ངན་སྦོམ། །འདི་གི་ཕྱོགས་སུ་སྐྱོ་བ་སྐྱེས། །སྐྱོ་བ་སྐྱེས་ཚེ་ཆོས་ཅིག་དྲན། །ཡིད་ལ་ཤར་ན་སྒོམ་ཅིག་དྲན། །
- ཨོ་རྒྱན་ལ་/ Ugyen Laཡུམ་ཆེན་ཨ་མ་ལོས་ཀྱང་ཡོད། །དང་པོ་བྱུང་ཚེ་དགའ་ཚོར་ཆེ། །སྐུ་ལས་འཁྲུངས་ཚེ་མྱ་ངན་སྦོམ། །འདི་གི་ཕྱོགས་སུ་སྐྱོ་བ་སྐྱེས། །སྐྱོ་བ་སྐྱེས་ཚེ་ཆོས་ཅིག་དྲན། །ཡིད་ལ་ཤར་ན་སྒོམ་ཅིག་དྲན། །
- ཨོ་རྒྱན་ལ་/ Ugyen La[རྨོ་བའི་ཞོང་ཞིང་?]ལོས་ཀྱང་ཡོད། །དང་པོ་བཏུལ་ཚེ་དགའ་ཚོར་ཆེ། །སྤང་ཐང་ལུས་ཚེ་མྱ་ངན་སྦོམ། །འདི་གི་ཕྱོགས་སུ་སྐྱོ་བ་སྐྱེས། །སྐྱོ་བ་སྐྱེས་ཚེ་ཆོས་ཅིག་དྲན། །ཡིད་ལ་ཤར་ན་སྒོམ་ཅིག་དྲན། །
- ཨོ་རྒྱན་ལ་/ Ugyen Laབློ་གཏད་སྲས་པོ་ལོས་ཀྱང་ཡོད། །བསླབ་པའི་དུས་སུ་རྒོལ་ངོ་ཆེ། །ཡོང་བའི་དུས་སུ་[དྲོ་ལྟོ་བྱང་?]། །འདི་གི་ཕྱོགས་སུ་སྐྱོ་བ་སྐྱེས། །སྐྱོ་བ་སྐྱེས་ཚེ་ཆོས་ཅིག་དྲན། །ཡིད་ལ་ཤར་ན་སྒོམ་ཅིག་དྲན། །
- ཨོ་རྒྱན་ལ་/ Ugyen Laམཚན་ལྡན་བླ་མ་རིན་པོ་ཆེ། །ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆི། །བརྟན་པ་ང་ལ་ཆོས་ཅིག་ཞུ། །བརྟན་པ་ང་ལ་སྒོམ་ཅིག་ཞུ། །མཚན་ལྡན་བླ་མའི་ཐུགས་དགོངས་ལས། །བརྟན་པ་ཁྱོད་ཀྱིས་ཆོས་མི་ཡོང་། །བརྟན་པ་ཁྱོད་ཀྱིས་སྒོམ་མི་ཡོང་། །
- ཨོ་རྒྱན་ལ་/ Ugyen Laབརྟན་པ་ཁྱོད་ཀྱིས་ཆོས་ཡོང་ན། །བརྟན་པ་ཁྱོད་ཀྱིས་སྒོམ་ཡོང་ན། །རླུང་མ་སྒང་ཁར་དར་ཅིག་འཕྱར། །དར་འཕྱར་རླུང་གིས་མ་བསྐྱོད་ན། །བརྟན་པ་ཁྱོད་ཀྱིས་ཆོས་ཅིག་ཡོང་། །བརྟན་པ་ཁྱོད་ཀྱིས་སྒོམ་ཅིག་ཡོང་། །
- ཨོ་རྒྱན་ལ་/ Ugyen Laབྱེ་མའི་ནང་དུ་ཁབ་ཅིག་བཙུགས། །ཁབ་བཙུགས་ཆུ་གིས་མ་ཁྱེར་ན། །བརྟན་པ་ཁྱོད་ཀྱིས་ཆོས་ཅིག་ཡོང་། །བརྟན་པ་ཁྱོད་ཀྱིས་སྒོམ་ཅིག་ཡོང་། །
- ཨོ་རྒྱན་ལ་/ Ugyen Laབྲག་གི་ལོགས་ལ་སྒོ་ཅིག་བཙུགས། །སྒོ་བཙུགས་ཐང་དུ་མ་ལུས་ན། །བརྟན་པ་ཁྱོད་ཀྱིས་ཆོས་ཅིག་ཡོང་། །བརྟན་པ་ཁྱོད་ཀྱིས་སྒོམ་ཅིག་ཡོང་། །
- ཨོ་རྒྱན་ལ་/ Ugyen Laམི་ཡི་ཡུལ་དུ་དམག་ཅིག་བཙུགས། །དམག་བཙུགས་སྟོང་པོ་མ་ལུས་ན། །བརྟན་པ་ཁྱོད་ཀྱིས་ཆོས་ཅིག་ཡོང་། །བརྟན་པ་ཁྱོད་ཀྱིས་སྒོམ་ཅིག་ཡོང་། །
- ཨོ་རྒྱན་ལ་/ Ugyen Laཡི་དྭགས་ཡུལ་དུ་ལན་ཅིག་སྐྱེས། །ཡི་དྭག་ལྟོགས་པོ་(པ་)མ་ལུས་ན། །བརྟན་པ་ཁྱོད་ཀྱིས་ཆོས་ཅིག་ཡོང་། །བརྟན་པ་ཁྱོད་ཀྱིས་སྒོམ་ཅིག་ཡོང་། །
- ཨོ་རྒྱན་ལ་/ Ugyen Laམཚན་ལྡན་བླ་མ་རིན་པོ་ཆེ། །ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆི། །བརྟན་པ་ང་ལ་ཆོས་ཅིག་ཞུ། །བརྟན་པ་ང་ལ་སྒོམ་ཅིག་ཞུ། །
- ཨོ་རྒྱན་ལ་/ Ugyen Laརླུང་མ་སྒང་ཁར་དར་ཅིག་འཕྱར། །དར་འཕྱར་སྣང་སྲིད་ལྷ་ལུ་འཕྱར། །དར་འཕྱར་རླུང་གིས་ག་ནས་ཁྱེར། །བརྟན་པ་ང་ལ་ཆོས་ཅིག་ཞུ། །བརྟན་པ་ང་ལ་སྒོམ་ཅིག་ཞུ། །
- ཨོ་རྒྱན་ལ་/ Ugyen Laབྱེ་མའི་ནང་དུ་ཁབ་ཅིག་བཙུགས། །ཁབ་བཙུགས་མཚོ་སྨན་རྒྱལ་མོས་བཙུགས། །ཁབ་འདི་ཆུ་གིས་ག་ནས་ཁྱེར། །བརྟན་པ་ང་ལ་ཆོས་ཅིག་ཞུ། །བརྟན་པ་ང་ལ་སྒོམ་ཅིག་ཞུ། །
- ཨོ་རྒྱན་ལ་/ Ugyen Laབྲག་དམར་ལོགས་ལ་སྒོ་ཅིག་བཙུགས། །སྒོ་བཙུགས་བྲག་བཙན་རྒྱལ་མོས་བཙུགས། །སྒོ་བཙུགས་[ཐང་སྟོང་?]ག་ནས་ལུས། །བརྟན་པ་ང་ལ་ཆོས་ཅིག་ཞུ། །བརྟན་པ་ང་ལ་སྒོམ་ཅིག་ཞུ། །
- ཨོ་རྒྱན་ལ་/ Ugyen Laམི་ཡི་ཡུལ་དུ་དམག་ཅིག་བཙུགས། །དམག་བཙུགས་གེ་སར་རྒྱལ་པོས་བཙུགས། །དམག་བཙུགས་[སྟོང་པོ་ག་ནས་ལུས?]། །བརྟན་པ་ང་ལ་ཆོས་ཅིག་ཞུ། །བརྟན་པ་ང་ལ་སྒོམ་ཅིག་ཞུ། །
- ཨོ་རྒྱན་ལ་/ Ugyen Laཡི་དྭགས་ཡུལ་དུ་ལན་ཅིག་སྐྱེས། །ལན་ཅིག་ཡི་དྭགས་ལྟོགས་པོ་་་་་། །ཡི་དྭགས་ལྟོགས་པོ་ག་ནས་ལུས། །བརྟན་པ་ང་ལ་ཆོས་ཅིག་ཞུ། །བརྟན་པ་ང་ལ་སྒོམ་ཅིག་ཞུ། །བརྟན་པ་ང་ལ་སྒོམ་ཅིག་ཞུ།།
- ཨོ་རྒྱན་ལ་/ Ugyen Laམཐོ་ལ་ཡངས་པའི་དགུང་དབྱིངས་འདི་དང་གཅིག །དེ་ལ་འཁོར་བའི་ཉི་ཟླ་ཟུང་རེ་གཉིས། །དགུང་སྟོད་ཁྱོད་ནི་སྤྲིན་གྱིས་མ་ཉམས་པ། །དགུང་སྟོད་ཁྱོད་ནི་སྐུ་ཁམས་བདེ་བར་བཞུགས། །ཉི་ཟླ་ང་ནི་གླིང་གཞི་བསྐོར་དུ་འགྲོ། །ཉི་ཟླ་ང་ནི་གཟའ་ཡིས་མ་བཟུང་བར། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །བཀྲ་ཤིས་མཆོད་རྟེན་མཇལ་བའི་སྨོན་ལམ་ཞུ། །སྨོན་ལམ་ཞུ།
- ཨོ་རྒྱན་ལ་/ Ugyen Laཨ་་་ཨོཾ་སངས་མ་ཎི་ལོ། །པདྨེ་ལ་ཧཱུཾ་ཧྲི། །པདྨེ་ལ་ཧཱུཾ་ཧྲི། །པདྨེ་ལ་ཧཱུཾ་ཧྲི། །
- ཨོ་རྒྱན་ལ་/ Ugyen Laམཐོ་ལ་ཡངས་པའི་བྲག་སྟོད་མཐོན་པོ་གཅིག །འདི་ལ་འཁོར་བའི་བྱ་ཡི་རྒོད་པོ་གཉིས། །དེ་སོགས་གནས་སྐབས་འགྲིགས་པས་ཡབ་ཡུམ་ཚོགས། །བྲག་སྟོད་ཁྱོད་ནི་ཐོ་བས་མ་བརྡུང་བར། །བྲག་སྟོད་ཁྱོད་ནི་སྐུ་ཁམས་བདེ་བར་བཞུགས། །རྒོད་པོ་ང་ནི་གནམ་མཁའི་ཆོད་དུ་འགྲོ། །རྒོད་པོ་ང་ནི་ཁྲ་ཡིས་མ་བཟུང་བར། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །བཀྲ་ཤིས་མཆོད་རྟེན་མཇལ་བའི་སྨོན་ལམ་ཞུ། །སྨོན་ལམ་ཞུ།
- ཨོ་རྒྱན་ལ་/ Ugyen Laཨ་་་ཨོམ་སངས་མ་ཎི་ལོ། །པདྨེ་ལ་ཧཱུཾ་ཧྲི། །པདྨེ་ལ་ཧཱུཾ་ཧྲི། །པདྨེ་ལ་ཧཱུཾ་ཧྲི། །
- ཨོ་རྒྱན་ལ་/ Ugyen Laམཐོ་ལ་ཡངས་པའི་མེ་ཏོག་སེར་པོ་གཉིས། །འདི་ལ་འཁོར་བའི་བུང་བ་རྐང་དྲུག་གཉིས། །བུང་བ་ཁྱོད་ནི་སྐུ་ཁམས་བདེ་བར་བཞུགས། །བུང་བ་ཁྱོད་ནི་ཁྲ་ཡིས་མ་བརྡུང་བར། །མེ་ཏོག་ང་ནི་གསེར་གྱིས་མ་བཅོམ་པར། །བུང་བ་ཁྱོད་ནི་སྐུ་ཁམས་གཅིག་ཏུ་བཞུགས། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །བཀྲ་ཤིས་མཆོད་རྟེན་མཇལ་བའི་སྨོན་ལམ་ཞུ། །སྨོན་ལམ་ཞུ།
- ཨོ་རྒྱན་ལ་/ Ugyen Laཨ་་་་ཨོམ་སངས་མ་ཎི་ལོ། །པདྨེ་ལ་ཧཱུཾ་ཧྲི། །པདྨེ་ལ་ཧཱུཾ་ཧྲི། །པདྨེ་ལ་ཧཱུཾ་ཧྲི།། །།