Skip to main content Skip to search
30 Aug 2012
39 min 36 sec
Video Overview
Creators: 
Jamyang Danpa

A monk tells the history of Khangmar Monastery from its founding in the 14th century to the 20th century.

གྲྭ་པ་ཞིག་གིས་ཁང་དཀར་དགོན་པའི་ལོ་རྒྱུས་སྤྱི་ལོ་དུས་རབས་༡༤ནས་༢༠བར་དུ་ངོ་སྤྲོད་བྱེད་པ།

Transcript search
No results found for this search
0 of 0
  • ཁང་དམར་དགོན་པའི་ལོ་རྒྱུས་ཡིན་ན།
  • ཁང་དམར་དགོན་པ་འདིར་ལོ་ངོ་༦༡༠ལྷག་གི་ལོ་རྒྱུས་ཡོད་པ་རེད།
  • ལོ་རྒྱུས་གཙོ་བོ་ཅི་རེད་ཅེས་ན་ཁང་དམར་དགོན་པ་ཕྱག་འདེབས་མཁན་ཐོག་དང་པོ་
  • རྗེ་རྒྱལ་གཉིས་པའི་ནང་སྲས་ཀྱི་ཐོག་མཁན་ཆེན་ངག་དབང་གྲགས་པ་
  • ཚང་གིས་མདོ་སྨད་ཀྱི་ཡུལ་དུ་བཤད་ཚུལ་གྱིས་དགོན་སྡེ་བརྒྱ་དང་བརྒྱད་
  • བཏབ་པའི་བརྒྱའི་མཇུག་གི་བརྒྱད་པོའི་གྲས་ཀྱི་ཡིན་ཟེར་ནི་རེད་ཁང་དམར་དགོན་པ།
  • དེ་ན་དུས་ནམ་ཞིག་ལ་བཏབ་པ་རེད་ཅེས་ན་སྤྱི་ལོ་༡༣༩༨ལོར་
  • འགབ་ཀྱི་སྔོན་གྱི་སོ་མང་རྒྱལ་པོའི་རྒྱལ་ཁང་ཡོད་སའི་དབྱར་ཁ་སྤྲོ་གསེང་དང་རྟ་རྩེད་
  • བྱེད་སའི་རྒྱ་ཁང་ཆུང་ཆུང་ཞིག་ཡོད་པ་དེར་ངག་དབང་གྲགས་པས་དགོན་གཞིའི་སྟེང་
  • ཐོག་དང་པོར་བཏབ་པའི་ཚད་དེ་གཞི་བྱས་ནས་མཚན་གསོལ་ཏེ་བཏབ་པ་ཞིག་རེད།
  • དེ་ནས་ལོ་རྒྱུས་ཐོག་ཁང་དམར་དགོན་པའི་སྔོན་གྱི་གདན་རབས་ཀུན་གསལ་མེ་ལོང་
  • ཟེར་བ་དེའི་ནང་དུ་ཀིརྟི་རིང་བོ་ལྗང་ནག་པ་དང་ཚ་ཀོང་ངག་དབང་གྲགས་པ་
  • རྣམས་གཉིས་ཀྱིས་མགོན་སྐུ་བཞེངས་ནས་མགོན་པོའི་སྐུ་ནང་དུ་
  • ཚ་ཀོང་ངག་དབང་གྲགས་པའི་ཕྱག་ཕྲེང་ལ་སོགས་པ་ཡོད་སའི།
  • དེ་རྣམ་པ་གཉིས་ཀྱིས་རབ་གནས་ཐོབ་པ་སོགས་རྟེན་བྱིན་རླབས་ཅན་ཡོད་ཟེར་ནི་རེད།
  • དེ་འདྲའི་དགོན་སྡེ་ཞིག་ཐོག་དང་པོར་ངག་དབང་གྲགས་པས་བཏབ་པ་རེད།
  • དེ་ནས་ལོ་འདིའི་ནང་དུ་ཞེས་གཏན་ཁེལ་བྱེད་མི་ཐུབ་མོད་
  • ཕལ་ཆེར་ལོ་སུམ་བརྒྱ་ཡན་མན་གྱི་གནས་གཞི་དེ་བྱས་པར་འདོད།
  • དེ་དགོན་པའི་གནས་གཞི།
  • དེ་ནས་ཧོར་བྲག་མགོའི་སྐུ་ཞབས་ཟེར་མཁན་ཞིག་ཡོད་པ་
  • དེས་ཁང་དམར་དགོན་པའི་སྒྲིག་ལམ་དང་།
  • དེའི་སྐབས་ཀྱི་ཚེ་དང་བླངས་པའི་འདོན་ཆ་སོགས་བརྩམས་པའི་བཅའ་ཡིག་ཅིག་ཡོད་གི
  • དེའི་ནང་དུ་ཁང་དམར་དགོན་པའམ་དེ་དུས་ཚེ་དང་བླངས་ཞེས་འབོད་པ་རེད།
  • དེ་དུས་ཀྱི་དགོན་པའི་ལོ་གཅིག་གི་ཚོགས་རིམ་ཡོང་རྫོགས་བྲིས་ཡོད་པའི་
  • བཅའ་ཡིག་ཆེན་པོ་ཞིག་སྒྲིག་ལམ་དང་སྦྱར་ནས་བྲིས་ཡོད་གི
  • མདོ་སྨད་ཆོས་འབྱུང་དུ་ཧོར་བྲག་མགོའི་སྐུ་ཞབས་དེ་རྗེས་ནས་
  • ཙ་ལཱི་ཕྱོགས་སུ་བུད་སོང་ཅེས་བཤད་ཡོད།
  • དེ་ལས་གཞན་པའི་ལོ་རྒྱུས་ཕར་དེད་ན་མི་རྙེད་གི
  • དེ་ནས་དུས་ཚོད་ཀྱི་སྟེང་ནས་སྤྱིར་ཁང་དམར་དགོན་པ་འདི་ཧ་ལམ་
  • འདི་སྤྱི་ལོ་ནམ་ཞིག་ལ་མཇུག་རྫོགས་སོང་བ་མི་ཤེས།
  • དེའི་རྗེས་སུ་དགོན་པ་འཇིགས་སོང་བ་དང་དགོན་པའི་ནང་གི་སྐུ་གསུངས་
  • ཐུགས་རྟེན་ལ་སོགས་རྟེན་གཙོ་བོ་སོགས་གྲྭ་བ་སྒེར་གྱིས་བདག་འཁུར་བྱས་པ་རེད།
  • བདག་འཁུར་བྱས་པར་མ་ཟད་དེའི་སྐབས་སུ་སོ་མང་རྒྱལ་པོ་ཞེས་པའི་རྒྱལ་པོ་ཞིག་ཡོད་པ།
  • དེ་ནས་རྒྱལ་པོའི་གསོལ་ཁ་བར་བླངས་ནས་རྒྱལ་པོར་གསོལ་ཁ་བ་སོགས་བཏོན་ནས་བསྡད།
  • ཤུལ་དུ་ལྷག་པའི་ཨ་ཁུ་འགའ་ཕལ་ཆེར་མ་མགོའི་ལྷ་རྒྱལ་གླིང་གི་
  • དེ་ནས་ཁང་དམར་དགོན་པའི་ལོ་རྒྱུས་ཆོམ་ཚ་སྐུ་ཕྲེང་གསུམ་པ་དམ་ཆོས་རྒྱ་མཚོ་ཚང་གིས་
  • གསུངས་པའི་དཀར་ཆག་གཉེན་བཤེས་འདྲེན་པའི་ཤིང་མཐའ་ཟེར་བ་དེའི་ནང་དུ་
  • ཆོམ་ཚ་སྐུ་ཐོག་དང་པོ་རབ་འབྱམས་པ་དགེ་འདུན་གྲགས་པ་
  • འདི་ནས་ཡར་དབུས་སུ་ཕེབས་ནས་ཡར་དབུས་སུ་ཕེབས་ནས་
  • འབྲས་སྤུངས་གྲྭ་ཚང་དུ་ཚོགས་སུ་ཞུགས་པ་རེད།
  • ཚོགས་སུ་ཞུགས་ཏེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཚང་
  • འབྲས་སྤུངས་གྲྭ་ཚང་དུ་ཡོད་པ་དང་མཉམ་དུ་ཤག་གཅིག་བྱས་ནས་དགེ་སློབ་ཀྱི་ཚུལ་དུ་
  • ཁོང་ཉིད་སློབ་མ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཁོང་ཉིད་ཀྱི་སློབ་དཔོན་དུ་སྟེན་
  • ནས་གྲྭ་སར་མཉམ་དུ་བཞུགས་ཏེ་དབང་ལུང་མང་དུ་གསན།
  • མདོ་སྔགས་རིགས་གནས་མཐའ་ཡས་པ་ཁོང་གི་སྐུ་མདུན་དུ་གསན།
  • དེར་ཆོམ་ཚ་རབ་འབྱམས་པ་དགེ་འདུན་གྲགས་པ་ཞེས་པའི་མཚན་ཐོབ།
  • དེའི་རྗེས་ཕྱིར་ཕ་ཡུལ་ཟངས་དཀར་གྱི་སར་ཕེབས་དུས་
  • དགོན་པ་མེད་གི་གནས་གཞི་མེད་གི་དེ་ནས་ཁོང་ཉིད་ཀྱིས་ཁོང་གི་སྦྲ་གུར་ཕུལ་ནས་
  • ཕལ་ཆེར་ལོ་བཞི་ནས་ལྔ་ཡས་མས་སུ་དེར་ཡོད་པའི་གྲྭ་བ་རྣམས་
  • བསྡུས་ཏེ་ཉིན་འགར་སྨོན་ལམ་འཚོགས་པ་དང་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ་
  • ལྔ་མཆོད་འཚོགས་པ་རེད།
  • དེ་ནས་ཁོང་གིས་གྲྭ་བ་རྣམས་སྦྲའི་ནང་དུ་འཚོགས་ན་མི་འགྲིག་གི་
  • ལྷ་ཁང་ཞིག་ཡོད་ན་འགྲིག་གི་རེད་སྙམ་ནས་སོ་མང་རྒྱལ་བོར་རྒྱུ་མཚན་འདི་ཞུས་དུས་
  • རྒྱལ་པོས་དེ་འགྲིག་གི་ཁྱེད་ཉིད་ཀྱིས་དགོན་པ་ཐོབས་ཤིག་ཅེས་བཀའ་བབས།
  • དེའི་རྗེས་སུ་སོག་དམག་སྟེ་སོག་པོའི་དམག་ཡིན་པ་དང་ཇག་པ་ཡིན་པ་མི་གསལ་མོད་
  • གང་ལྟར་དེ་ཚོ་ཐོན་ནས་ཟངས་དཀར་མའི་ཡོད་ཚད་བཅོམ་ནས་ཐམས་ཅད་མེད་པར་བཟོས།
  • ཡོད་ཚད་མེད་པར་བཏང་རྗེས་ཟངས་དཀར་མའི་ས་མ་ཟིན་པར་ཡར་མར་ཕྱོགས་གཞན་དུ་སོང་།
  • དཔེར་ན་རྔ་བ་དང་ཨ་རིག་་་ར་མདོ་སོགས་ས་ཆ་གཞན་དུ་སོང་།
  • ས་མ་ཟིན་པར་ས་ནས་བུད་དོ།
  • དེའི་སྐབས་སུ་ཁོང་ཉིད་ཀྱང་ཡར་ཕེབས་ནས་ཕལ་ཆེར་སྐྱ་བོ་དགོན་པ་ཟེར་བ་དེའི་ཕྱོགས་
  • རི་ཁྲོད་སོགས་སུ་ཕེབས་དུས་ཀུན་མཁྱེན་འཇམ་དབྱངས་བཞད་པ་
  • མདོ་སྨད་ཕྱོགས་སུ་ཕེབས་ནས་བླ་བྲང་དགོན་པ་འདེབས་བཞིན་པའི་
  • དེའི་སྐབས་སུ་ཁེལ་ནས་ཁོང་ལ་ཚ་བོ་ཞིག་ཡོད་པ་ཁྲིད་དེ་བླ་བྲང་དུ་
  • ཀུན་མཁྱེན་འཇམ་དབྱངས་བཞད་པར་ཞབས་ཞུ་བསྒྲུབ་ཏུ་ཕེབས།
  • དེར་ཕེབས་ཏེ་ཚ་བོ་དང་ཁོང་གཉིས་དེར་བཞུགས་དུས་ཀུན་མཁྱེན་ཚང་གིས་
  • དགོན་པ་འདེབས་པར་རྡོ་བཟོ་བ་འགའ་དགོས་པས་ཁྱེད་རང་སོ་མང་རྒྱལ་པོའི་མདུན་དུ་ཕེབས་ཏེ་
  • རྡོ་བཟོ་བ་འགའ་དགོས་ཅེས་ཞུས་རོགས་ཅེས་གསུངས་ཏེ་ཁོང་ལ་རྟ་ཞིག་ཕུལ་པ་དེར།
  • ཁོང་གིས་དེའི་སྟེང་དུ་ཁྲབ་ཞིག་བསྣན་ནས་སོ་མང་རྒྱལ་པོ་ཤཀྱ་རྒྱལ་མཚན་ཞེས་པའི་དྲུང་དུ་ཕེབས་ཏེ་
  • ཀུན་མཁྱེན་བླ་མས་མདོ་སྨད་དུ།
  • དགོན་པ་ཞིག་འདེབས་བཞིན་པ་དེར་ཁྱེད་ཀྱིས་རྡོ་བཟོ་འགའ་མངགས་རོགས་
  • ཅེས་རེ་བ་ཞུས་པར་སོ་མང་རྒྱལ་པོས་རྡོ་བཟོ་བ་མི་སུམ་ཅུ་ལྷག་མངགས་པ་དང་ཁོང་ལ་འདི་གསུངས།
  • ཁྱེད་ཉིད་ཀྱིས་སྔོན་ལ་བདག་གིས་ས་ཆ་འདིར་དགོན་པ་འཛུགས་རྒྱུའི་ཁས་བླངས་ཡོད་པ་རེད་ལ་ད་ནི་
  • ཁྱེད་ཀྱིས་ཡང་བསྐྱར་དགོན་པ་འཛུགས་བཞིན་འདུག་
  • དེ་བས་ཁྱེད་ཀྱིས་ས་འདིར་དགོན་པ་འཛུགས་ཐུབ་གི་མ་རེད།
  • ཅི་རེད་ཟེར་ན་སྡེ་བ་མེད་གི་ས་སྟོང་རེད་ས་སྟོང་ཞིག་ལ་དགོན་པ་བཏབ་ན་
  • དགོན་པ་ཟེར་བ་ཞིག་ལ་གྲྭ་བ་དང་དེར་འདུག་པའི་ལྷ་སྡེ་ཡོད་ཚད་དགོས་པ་རེད།
  • དེ་དག་མེད་པའི་ས་སྟོང་ཞིག་ལ་དགོན་པ་ཞིག་བཙུགས་མ་བཙུགས་མེད་གི་ཞེས་བཤད།
  • དེའི་རྗེས་སོ་མང་རྒྱལ་པོས་ཡང་ནས་བསྐྱར་དུ་ནན་གྱིས་ཁོང་ལ་
  • ཡིན་གཅིག་མིན་གཉིས་ཁྱེད་ཉིད་ཀྱིས་མ་བཏབ་ན་མི་ཆོག
  • ལྷ་སྡེ་ཐམས་ཅད་ཁྱེད་ཀྱིས་བསྡུས་ཤོག་དང་ངས་ཁྱེད་ཉིད་ལ་རྒྱབ་སྐྱོར་བྱེད་
  • བདག་དབང་བྱེད་ཅེས་བཤད་ནས་དེར་མ་ཟད་ཁྱེད་ཀྱིས་ཀུན་མཁྱེན་བླ་མའི་མདུན་དུ་བཀའ་ཤོག་
  • ལ་སོགས་བླངས་ནས་ཡོང་དགོས་ཞེས་པར་ཁོང་གིས་བཀའ་མ་བཟློག་པར་ཁས་བླངས།
  • དེ་ནས་བླ་བྲང་དགོན་པའི་འདུ་ཁང་ལ་སོགས་འགྲུབ་རྗེས་རྣམ་ཐར་ལ་སོགས་པར་གསལ་བ་ལྟར་
  • དེའི་སྐབས་སེར་བ་དྲག་པོ་བབས་པ་བཟློག་པ་སོགས་ལོ་རྒྱུས་སུ་སྣང་བ་རེད།
  • དེའི་རྗེས་ཀུན་མཁྱེན་ཚང་གིས་གཞུག་ཕྱོགས་ཁྱེད་དང་ཚ་བོ་གཉིས་འདི་རུ་བཞུགས་དང་ཞེས་གསུངས་པར།
  • ཁོང་གིས་འདུག་རྒྱུ་མེད་དེ་ཁོང་ཉིད་རང་གི་ས་ཆར་སོང་ནས་དགོན་པ་ཞིག་འདེབས་རྒྱུའི་ཁས་བླངས་ཡོད།
  • ཅེས་གསུངས་པར་ཀུན་མཁྱེན་ཚང་གིས་དེ་འགྲིག་གི་ཁྱེད་རང་དེར་སོང་ནས་ལྷག་བསམ་རྣམ་དག་གིས་
  • དགོན་སྡེ་ཞིག་ཐོབས་དང་ཁོང་ཉིད་ཀྱིས་ཀྱང་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་ཞེས་
  • རྟེན་གྱི་ཐོག་མ་སྟོན་པའི་སྐུ་ཞིག་དེང་སང་སྟོན་པ་ཐོག་དག་མ་ཟེར་བ་དེ་གནང་བ་དང་
  • ཁོང་གིས་དབུ་སྔས་སུ་བཤམས་པའི་ཇོ་བོའི་སྐུ་ཞིག་ལ་སོགས་
  • རྟེན་དཀའ་རུ་གནང་པ་དང་ད་རུང་སྐལ་བཟང་གི་དཔེ་ཆ་གསེར་བྲིས་མ་སོགས་གནང་བའི་
  • ངག་རྒྱུན་ཡོད་མོད་ལོ་རྒྱུས་ཀྱི་དཔེ་དེབ་སོགས་སུ་ཡོད་པ་མཐོང་རྒྱུ་མི་འདུག
  • ངག་རྒྱུན་དུ་དེ་འདྲ་བཤད་རྒྱུ་འདུག
  • གང་ལྟར་དེ་ནས་ཁོང་ཉིད་མར་ཕེབས་དུས་ཀུན་མཁྱེན་ཚང་གི་མདུན་དུ་
  • བཀའ་ཤོག་ལ་སོགས་བླངས་ནས་བཀའ་ཤོག་དེང་སང་ཡང་མཐོང་རྒྱུ་ཡོད་པ་རེད་
  • དེའི་སྟེང་དུ་འདི་ལྟར་གསུངས་ཡོད་དེ་ངེད་ཀྱི་སློབ་མ་ཚ་ཀོ་རབ་འབྱམས་པ་
  • དགེ་འདུན་གྲགས་པ་ལ་རྒྱ་བོད་ཧོར་གསུམ་སུ་ཡིན་རུང་གནོད་པ་སྤུ་ཙམ་ཡང་བྱས་མི་ཆོག་
  • ཅེས་བཀའ་ཤོག་གི་ཐོག་ཏུ་དེ་ལྟར་གསུངས་ཡོད་པ་རེད།
  • དེ་ནས་ཁོང་ཉིད་མར་ཟངས་དཀར་གྱི་ས་ཆར་ཕེབས་པ་རེད།
  • མར་ཕེབས་དུས་ལམ་བར་གྱི་རུ་སྡེ་ཐམས་ཅད་ལ་ཁྱོད་ཚོ་མར་འགྲོ་དང་ཁོང་གིས་དགོན་པ་འདེབས་རྒྱུ་
  • ཞེས་པར་སྡེ་ཐམས་ཅད་ཀྱིས་ཁྱེད་ཚང་གིས་དགོན་པ་འདེབས་རྒྱུ་ཁོ་ཐག་ཡིན་ན་ཁོང་ཚོ་འགྲོ་རྒྱུ་ཡིན།
  • མི་འདེབས་ན་མི་འགྲོ་སོང་ན་ང་ཚོས་ས་མི་ཟིན་གི་ས་སྟོང་དེ་འདྲ་ཞིག་ཏུ་ཅི་བྱེད་ཅེས་ཞུས།
  • ཁོང་གིས་འགྲོ་དང་དགོན་པ་འདེབས་ངེས་ཡིན་ཞེས་གསུངས།
  • དེ་ལྟར་མར་ཡོང་དུས་ཝ་ཤུལ་བཀས་ཁོལ་སོགས་སྔ་བ་བྱས་ནས་ཡོང་བ་རེད་ཅེས་བཤད་ཡོད་གི
  • རབ་བྱུང་བཅུ་གཉིས་པའི་ཆུ་སྟག་སྟེ་སྤྱི་ལོ་༡༧༢༢ལོར་འབྲོང་ལུང་གཡུ་ཐང་ཟེར་བའི་ས་དེ་
  • སྔོན་གྱི་ངག་དབང་གྲགས་པའི་དགོན་ས་མིན་པར་དེ་ལས་ཅུང་ཙམ་ཡར་བསྣུར་ནས་
  • སྔོན་གྱི་ངག་དབང་གྲགས་པའི་དགོན་ས་ཆུའི་ཕར་ཡིན་ལ་དེང་གི་དགོན་པ་དེ་ཆུའི་ཚུར་རོལ་ཡིན།
  • བར་དུ་ཟངས་དཀར་ཁོག་ཕར་ཚུར་ལ་དགར་ཡོད་པ་འབྲོང་ལུང་གཡུ་ཐང་ཟེར་བ་དེར་
  • དགོན་པ་འདེབས་གྲབས་བྱས།
  • དེ་ནས་སྤྱི་ལོ་༡༧༢༢ལོར་གྲ་སྒྲིག་བྱས་ཏེ་༡༧༢༣ལོར་ལྷ་ཁང་སུམ་ཁང་
  • སུམ་ཐོག་དངོས་སུ་བཞེངས།
  • དེ་དགོན་པའི་གནས་གཞི་བྱས་ཏེ་ཁོང་གིས་ཁང་དམར་དགོན་པ་འདི་བཏབས།
  • དེ་ནས་ཁོང་གིས་འདི་གསུངས་ད་ནི་ཁང་དམར་དགོན་པའི་དགོན་གཞི་ཚུགས་པ་རེད།
  • དེ་རིང་ནས་བཟུང་སྟེ་ཁང་དམར་དགོན་པ་འདི་རུ་གྲྭ་བ་ས་ཆ་གང་གི་ཡིན་རུང་།
  • གྲྭ་བ་སུ་ཡིན་རུང་མདོར་ན་དགོན་པ་འདིར་ཕན་ཐོག་མཁན་ཤ་ཚ་མཁན་གྱི་མི་ཞིག་ཡིན་ཚེ་
  • དེས་བདག་དབང་བྱས་ཆོག་ཁྱིམ་ཚ་ནང་བའི་ནང་ཆེན་ཁོའི་ཡིན་ཟེར་མི་ཆོག་ལ་
  • དེ་མ་ཡིན་གཞན་པའི་ཁོ་གཅིག་པུའི་ཡིན་ཟེར་མི་ཆོག་སྟེ་འདི་ཀུན་གྱིས་ཡིན་ཞེས་གསུངས་སྟེ་
  • ཚོགས་བཀའ་གནང་ནས་དགོན་གཞི་བཏབས་པ་རེད།
  • དེའི་སྐབས་ཀྱི་འདོན་ཕྱག་ལེན་གཙོ་བོ་སུས་བཙུགས་ནི་རེད་ཅེས་ན་
  • ཁོང་ཉིད་ལ་ཚ་བོ་བློ་བཟང་ཟེར་མཁན་ཞིག་ཡོད་པ་དེ་ཡིན་ཏེ་ཁོང་ཚང་སྔོན་ལ་
  • བླ་བྲང་བཀྲ་ཤིས་མཁྱིལ་གྱི་ཐོས་བསམ་གླིང་དུ་ཞུགས་པ་དང་དེ་ནས་མཐར་ཕྱིན་རྗེས་
  • དཔལ་ལྡན་མ་རྒྱུད་གྲྭ་ཚང་དུ་ཞུགས་ནས་དེ་རུ་འདོན་ཕྱག་ལེན་ཡོངས་རྫོགས་
  • དེ་ཁང་དམར་དགོན་པ་མར་ཡོང་ནས་འདོན་ཕྱག་ལེན་དེ་བཙུགས།
  • དེ་ཡོང་ཁུངས་མ་བརྒྱུད་གྲྭ་ཚང་ནས་ཡིན་པ་རེད།
  • དགོན་པའི་འདོན་ཕྱག་ལེན་དེ་གཙོ་བོ་བྱས་པ་དང་དེ་ནས་བཟུང་སྟེ་ཁང་དམར་དགོན་པ་འདི་
  • ཀུན་མཁྱེན་འཇམ་བཞད་པའི་དགོན་ལག་ཡིན་པ་དང་དེར་མ་ཟད་
  • འདོན་ཕྱག་ལེན་དཔལ་ལྡན་མ་རྒྱུད་གྲྭ་ཚང་གི་ཕྱག་ལེན་ཡིན་པ་
  • དེ་ཡིན་པའི་སྲོལ་བཟུང་བ་དེ་འདྲ་ཞིག་རེད།
  • ཕལ་ཆེར་ཁང་དམར་ཟེར་བ་དེ་ངག་རྒྱུན་ལ་
  • ལ་ལས་སྔོན་ལ་ངག་དབང་གྲགས་པའི་བཙུགས་པའི་དགོན་གཞི་འདེབས་དུས་
  • དེ་ནི་རྒྱལ་པོའི་རྒྱལ་ཁང་ཡིན་པའི་ཁང་བ་དམར་པོ་ཡིན་པས་ཁང་དམར་ཟེར་བ་རེད་
  • ཅེས་བཤད་རྒྱུན་གཅིག་ཡོད་གི་དེ་མིན་ན་ལ་ལས་
  • རྗེས་ནས་ཆོམ་ཚ་རབ་འབྱམས་པ་དགེ་འདུན་གྲགས་པས་
  • འདེབས་དུས་དེ་ལ་ལྷ་ཁང་ལ་སོགས་དམར་པོ་ཡིན་པས་
  • དེ་ལ་ཁང་དམར་དགོན་པ་ཟེར་ནི་རེད་ཟེར།
  • དེ་ལྟར་བཤད་རྒྱུན་གཉིས་ཡོད་གི་གང་ལྟར་ཁང་དམར་དགོན་པ་ཞེས་པའི་མིང་དེ་འདི་ནས་
  • འོང་བ་རེད་ཅེས་གཏན་ཁེལ་བྱ་མི་ཐུབ་གི་བཤད་རྒྱུན་ལ་དེ་འདྲ་གཉིས་ཡོད་པ་རེད།
  • ཁང་དམར་ཅེས་པའི་མིང་དེ་་་སྔོན་དེ་དུས་དགོན་པའི་མིང་ལ་བཤད་སྒྲུབ་དར་རྒྱས་གླིང་ཟེར་བ་རེད།
  • དེ་ནས་རིམ་བཞིན་ཁོང་གིས་དགོན་གནས་གནས་གཞི་བཏབ་རྗེས་
  • ཡུན་རིང་བོར་མ་བཞུགས་པར་སྐུ་གཤེགས་སོང་།
  • དེའི་རྗེས་ཆོམ་ཚ་རབ་འབྱམས་པ་སྐུ་ཕྲེང་གཉིས་པ་ཡང་སྤྲུལ་ངག་དབང་ཚུལ་ཁྲིམས་
  • མདོ་སྨད་ཆོས་འབྱུང་ལས་ཆོམ་ཚ་རྒྱལ་རས་གྲུབ་པ་ཟེར་བའི་ཆོམ་ཚ་རྒྱལ་རས་ཟེར་བ་དེ་རེད།
  • དེ་ཚང་གིས་དགོན་པ་བསྐྱངས་བ་རེད།
  • ཁོང་ཉིད་བླ་བྲང་དུ་གྲྭ་སར་བཞུགས་ནས་ཀུན་མཁྱེན་ལ་ཞབས་ཞུ་གཙོ་བོ་སྒྲུབ་མཁན་ཞིག་རེད།
  • དགོན་པར་ཆེས་ཆེར་མ་བཞུགས་པར་
  • གཙོ་བོ་བླ་བྲང་དུ་གྲྭ་སར་བཞུགས་ནས་ཀུན་མཁྱེན་ལ་ཞབས་ཞུ་བསྒྲུབ་པ་ཞིག་རེད།
  • དེར་གྲྭ་སར་ཞུགས་ནས་བསྡད་པ་རེད།
  • དེའི་སྐབས་སུ་ཟངས་དཀར་སྤྱི་བསང་ཟེར་རྒྱུ་ཞིག་ཡོད་པ་རེད།
  • ཟངས་དཀར་སྤྱི་བསང་ཞེས་པ་དེའི་མཚན་བྱང་ན་ཆོམ་ཚ་ངག་དབང་ཚུལ་ཁྲིམས་ཀྱིས་
  • བསྐུར་བའི་ཀུན་མཁྱེན་འཇིགས་མེད་དབང་བོའི་གསུངས་པ་དེ་ཡོད་པ་རེད།
  • དེང་སང་ཟངས་དཀར་མས་བསང་ཕུད་ན་ཟངས་དཀར་སྤྱི་བསང་གི་
  • མཇུག་ན་ཡོད་པ་དེ་ཆོམ་ཚ་དེ་ཚང་རེད།
  • དེའི་རྗེས་སུ་ཆོམ་ཚ་དམ་ཆོས་རྒྱ་མཚོ་ཞེས་པ་འཁྲུངས་པ་རེད།
  • སྐུ་ཕྲེང་གསུམ་པ་དམ་ཆོས་རྒྱ་མཚོ་ཚང་འཁྲུངས་པ་རེད།
  • དེའི་སྐབས་སུ་དེས་ཁང་དམར་རྙིང་བའི་རྒྱབ་རི་ལ་སོགས་ཕངས་པ་དང་
  • དེར་མ་ཟད་བསང་མཆོད་ལ་སོགས་བརྩམས་པ་རེད།
  • དེའི་སྐབས་སུ་ཆོམ་ཚ་སྐུ་ཕྲེང་གསུམ་པ་དམ་ཆོས་རྒྱ་མཚོ་ཡིན་དུས་སུ་
  • དེའི་སྐབས་སུ་རྗེ་སྐུ་ཆེན་པོ་ཡ་མཚར་བ་ཞིག་བཞེངས་པ་རེད་མོད་ཁོང་གིས་བཞེངས་པ་མིན།
  • དགོན་པ་བཞེངས་ཏེ་ཁོང་ལ་དེར་རྟེན་གྱི་དཀར་ཆགས་ཤིག་གསུངས་དགོས་ཞེས་ཞུས་པས།
  • ཁོང་གིས་དཀར་ཆག་གཉེན་བཤེས་འདྲེན་པའི་ཤིང་མཐའ་ཟེར་བ་དེ་གསུངས་པ་དང་དེའི་ནང་
  • ཁང་དམར་གྱི་ལོ་རྒྱུས་ཐུང་ཐུང་ཞིག་ཆོམ་ཚ་རབ་འབྱམས་པ་དགེ་འདུན་གྲགས་པ་སྐུ་ཕྲེང་
  • དང་པོ་ཚང་གི་ལོ་རྒྱུས་ཐུང་ཐུང་ཞིག་བྲིས་ཡོད་པ་དེ་རེད།
  • དེ་དཀར་ཆག་གཉེན་བཤེས་འདྲེན་པའི་ཤིང་མཐའ་ཞེས་པ་གསུངས་པ་རེད།
  • དེ་ནས་ཁང་དམར་དགོན་པར་དཔལ་ལྡན་ལྷ་མོའི་ཚེ་གཏོར་བཙུགས་པ་དང་
  • དཔལ་ལྡན་ལྷ་མོའི་ཚེ་གཏོར་བཙུགས་པར་མ་ཟད་དེ་གསུངས་སྲོལ་འདོན་ཕྱག་ལེན།
  • དེར་འདོན་རྒྱུ་འབུད་རྒྱུ་རོལ་མོ་འབུད་དཀྲོལ་ལ་སོགས་པ་མང་པོ་ཞིག་ཡོད་པ་
  • དེའི་ཕྱག་ལེན་ཡོངས་རྫོགས་ཁོང་གིས་ཕྱག་བྲིས་གནང་ནས་བརྩམས་པ་རེད།
  • སྐུ་ཕྲེང་ཐམས་ཅད་ལས་ཁོང་ཚང་ཡ་མཚན་གྱི་མཁས་པ་བྱས་རྗེས་ཆེ་བ་ཞིག་རེད།
  • དེ་འདྲ་ཞིག་རེད་ཁོང་ཚང་གི་མཚན་ལ་ཆོམ་ཚ་དམ་ཆོས་རྒྱ་མཚོ་ཟེར་བ་རེད།
  • དེ་ནས་རིམ་བཞིན་ཨ་ལག་བཙན་ལྷ་ཚང་དང་ཨ་ལག་ཝ་ཤུལ་ཟེར་བ་གཙོ་བོ་དེ་རྣམས་རེད།
  • སྤྲུལ་སྐུ་རྣམ་གསུམ་ཡིན་ཟེར་བ་ཁང་དམར་དགོན་པའི་
  • གཙོ་བོ་དགོན་པའི་དགོན་བདག་བསྟན་པའི་བསྟན་བདག་ཡུལ་ཁ་དེའི་བདག་པོ།
  • ཆོས་སྲིད་གཉིས་ཀྱིས་བདག་པོ་ནི་ཆོམ་ཚ་ཚང་ཡིན་པ་རེད།
  • ཆོམ་ཚ་རབ་འབྱམས་པ་དགེ་འདུན་གྲགས་པ་ནས་བཟུང་སྟེ་སྐུ་ཕྲེང་ཅི་བྱུང་གི་བར་དུ་
  • དེ་ཚང་ཡིན་པ་རེད།
  • དེ་ནས་ཨ་ལག་བཙན་ལྷ་ཚང་དང་་ཝ་ཤུལ་ཚང་དེ་རྣམས་པ་གསུམ་པོ་གཙོ་བོ་རེད།
  • དེ་ལས་གཞན་པའི་བླ་མ་མིན་པའི་ཆུང་ངུ་མང་པོ་ཡོད་མོད་གཙོ་བོ་མ་རེད།
  • གཙོ་བོ་དགོན་པའི་སྤྲུལ་སྐུ་ཁང་དམར་དགོན་པ་བསྐྱངས་མཁན་གཙོ་བོ་
  • སྤྲུལ་སྐུ་རྣམས་གསུམ་བགྲངས་པ་རེད།
  • སྤྱི་ལོ་༡༩༧༢ལོའི་བར་དུ་ཁང་དམར་རྙིང་བ་དེ་གནས་ཡོད་པ་རེད།
  • ཁང་མར་རྙིང་བ་བཤད་སྒྲུབ་དར་རྒྱས་གླིང་ནས་དེའི་བར་དུ་གནས་ཡོད་པ་རེད།
  • སྤྱི་ལོ་༡༩༣༢ལོར་དམར་དམག་རྒྱང་བསྐྱོད་བྱས་ཏེ་དགོན་པ་མེད་པར་བཟོས།
  • དེ་ནས་དམར་དམག་རྒྱང་བསྐྱོད་ཀྱིས་མེད་པར་བཟོས་དུས་གནས་གཞི་མ་ཡོད་པར་
  • གྲྭ་བ་རྣམས་ཡར་ཟངས་དཀར་མའི་ས་རུ་ལོ་གཅིག་དང་ཕྱེད་ཡས་མས་ལ་ས་སྟོང་དང་།
  • སྦྲའི་ནང་དུ་འཚོགས་པ་རེད།
  • དེ་ནས་རྗེས་སུ་ཨ་ལག་
  • དེ་དུས་ཆོམ་ཚ་ཚང་མ་ཡོད་པར་གཙོ་བོ་ཨ་ལག་བཙན་ལྷ་ཚང་ཡིན་པ་རེད།
  • བཙན་ལྷ་སྐུ་ཕྲེང་བརྒྱད་པ་སྐལ་བཟང་བསྟན་འཛིན་རྒྱ་མཚོ་ཚང་ཡིན་པ་རེད།
  • དེ་དུས་ནས་ཁང་དམར་གྱི་ལུང་པ་དེ་ཁོང་གི་རི་ཁྲོད་ཡིན་ཡོད།
  • བཙན་ལྷ་བླ་མའི་རི་ཁྲོད།
  • དེ་ནི་འདིའི་ས་སྟོད་དང་ཁྲོ་ཆུ་མ་གིའི་འགབ་ཀྱི་རོང་བ་རྣམས་ཀྱིས་
  • ལྷག་པར་དུ་ལོ་ལོན་ཚོས་བཙན་ལྷའི་རི་ཁྲོད་ཟེར་བ་རེད།
  • རྗེས་ནས་ད་སྔ་ཡང་བཙན་ལྷའི་རི་ཁྲོད་ཅེས་འབོད་པ་རེད།
  • དེའི་སྔོན་ལའང་བཙན་ལྷའི་རི་ཁྲོད་ཡིན་ཡོད་པ་རེད་ཁང་དམར་དགོན་པའི་
  • ཁང་དམར་དགོན་པ་ཡིན་ན་སྨད་ཀྱི་བཤད་སྒྲུབ་དར་རྒྱས་གླིང་ལ་ཆགས་ཡོད་པ་རེད།
  • དེ་ནས་དམར་དམག་རྒྱང་བསྐྱོད་སྐབས་སུ་སྔོན་དམག་ཡོང་དུས་ང་ཚོའི་ཆོམ་ཚའི་བོན་པོ་
  • བླ་མ་བློ་གསལ་རྒྱ་མཚོ་ཟེར་བ་ཞིག་ཡོད་པ་རེད།
  • ཁོང་ཚང་གཙོ་བོ་བྱས་ཏེ་སོང་ནས་དམག་དེ་ཚོ་སྣེ་ལེན་བྱས་ཏེ་ཨ་མཚར་འདྲ་བྱས་པ་དང་
  • འགྲིག་མཐུན་འདྲ་བྱུང་ནས་དཔེ་མེད་མཐོང་ཆེན་འདྲ་བྱས་པ་རེད་ཟེར།
  • དེ་དམག་གི་་་རྗེས་སུ་དམག་དང་གྲྭ་བ་རྣམས་མ་འགྲིག་པ་ཡིན་ས་རེད་ཟེར།
  • དེའི་ཕན་ཆད་ཀྱི་ལོ་རྒྱུས་རྣམས་ལ་མང་པོ་མེད་ཀྱང་
  • ཕལ་ཆེར་དེ་འདྲ་རེད་གྲྭ་བ་དང་དམག་རྣམས་ཅུང་ཙམ་མ་འགྲིག་པར་
  • དེ་བས་དམག་གིས་མེར་བཞག་པ་ཡིན་ས་རེད།
  • དེ་འདྲ་ཞིག་ཡིན་དགོས་རེད་དམར་དམག་རྒྱང་བསྐྱོད་ཀྱི་སྐབས་སུ་བསྲེགས་པ་
  • དངོས་ཞིང་དག་པ་རེད་དམར་དམག་རྒྱང་བསྐྱོད་ཀྱི་དམག་གིས་བསྲེགས་པ་དེ་རེད།
  • གཙོ་བོ་དེ་དུས་ཁང་དམར་དགོན་པར་རྟེན་ཡོད་པ་གཙོ་བོ་ད་ཅི་བཤད་པའི་
  • སྟོན་པ་ཐོག་དག་མ་དང་ཇོ་བོའི་སྐུ་དེ་ནས་དཔལ་ལྡན་ཟླ་བ་གྲགས་པའི་ཡང་སྤྲུལ་
  • མཚན་འཇིགས་མེད་རིག་པའི་སེང་གེ་ཚང་གིས་གནང་བའི་མགོན་སྐུ་ཡ་མཚར་བ་ཞིག་
  • ཡོད་པ་རེད་ཡ་མཚན་དེ་འདྲ་ཡོད་པ་དེ་དག་མ་ཤོར་བར་གྲྭ་བ་ཚོས་ཁྱེར་ཡོངས་བ་རེད།
  • དེ་མིན་གཞན་མང་པོ་མེར་འཚིགས་སོང་ཡོད་ས་རེད་དེ་ལོས་ཡོད་མི་ཤེས་གི་ཨེ་རེད།
  • རྟེན་གྱི་གཙོ་བོ་དེ་འདྲ་རེད་དེར་མ་ཟད་མཆོད་ཆ་ནི་མཆོད་ཆ་རྙིང་བ་འགའ་དེང་སང་ཡོད་གི
  • རོལ་ཆ་ལ་སོགས་དངོས་པོ་ལེགས་པོ་ཡོད་གི་་སྐུ་གསུངས་ཐུགས་རྟེན་ལ་སོགས་དེའི་སྐབས་ཀྱི་
  • མ་ཤོར་བའི་ད་རུང་དེར་མ་ཟད་ཆོམ་ཚ་སྐུ་ཕྲེང་དང་པོ་རབ་འབྱམས་པ་དགེ་འདུན་གྲགས་པ་
  • ཁོང་ཉིད་དབུས་ཕྱོགས་ནས་མར་ཕེབས་དུས་ས་དགའ་ལྡན་གྱི་གནས་ནས་ཁྱེར་ཡོང་བའི་
  • འཇིམ་སྐུ་དང་དེར་མ་ཟད་སྐྱ་གཟུགས་ལ་སོགས་ཡོད་པ་རེད།
  • དེ་རྣམས་མ་འཚིགས་པར་བདག་གཉེར་བྱེད་ཐུབ་སོང་།
  • དེང་སང་ཡོད་པ་རེད།
  • དེའི་སྐབས་ཀྱི་་་་
  • ༡༩༣༢ལོར་དམར་དམག་རྒྱང་བསྐྱོད་ཀྱིས་མེར་བཞག་པ་རེད།
  • དེའི་རྗེས་སུ་གྲྭ་བ་དང་རུ་སྡེ་ཐམས་ཅད་ཀྱིས་ཨ་ལག་བཙན་ལྷ་ཚང་ལ་ཡར་ཞུ་བྱས་ནས་
  • ད་དགོན་སྡེ་འདི་ཁྱེད་ལ་ཐུག་ཁྱེད་ལ་གསལ་ཁྱེད་ཚང་གིས་འཛུགས་རོགས་
  • ཅེས་ཡར་ཞུ་བྱས་པས་ཁོང་གིས་སྤྱི་ལོ་༡༩༣༧ལོར་ཁོང་གི་རི་ཁྲོད་ཡོད་སར་
  • དགོན་པའི་གནས་གཞི་གསར་བ་བཙུགས།
  • དེ་རེད་དེར་གནས་གཞི་གསར་བ་བཙུགས་པ་རེད།
  • ཁོང་གིས་གནས་གཞི་གསར་བ་ཨ་ལག་བཙན་ལྷ་ཚང་གིས་
  • བཙན་ལྷ་སྐུ་ཕྲེང་བརྒྱད་པ་སྐལ་བཟང་བསྟན་འཛིན་རྒྱ་མཚོ་ཚང་གིས་
  • ཁོང་གི་རི་ཁྲོད་ཡོད་སར་བཙུགས།
  • དེར་མ་ཟད་སྤྱི་ལོ་་
  • འདི་རེད་དེར་བཙུགས་རྗེས་སུ་ཁོང་གིས་ཁང་དམར་དགོན་པ་དེང་སང་
  • དུས་འཁོར་ཟེར་བའི་ཁང་དམར་ཨེ་དབོན་བདེ་ལྡན་གླིང་ཞེས་གཙོ་བོ་ཡིན་ན་
  • ཁང་དམར་དགོན་པ་ཡིན་རྒྱུད་པ་གྲྭ་ཚང་ཞིག་རེད།
  • གཙོ་བོ་སྡེ་གསང་འཇིགས་གསུམ་ཆོ་ག་ཆོས་མཆོད་དེ་ཉམས་ལེན་བྱེད་པའི་
  • གཙོ་བོ་དེ་འདྲའི་དགོན་སྡེ་ཞིག་རེད།
  • ཆོ་ག་ཆོས་མཆོད་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་ཁོང་་་འདི་་་
  • ཨ་ཁུ་བསང་ཁོག་འཇིགས་མེད་པན་ཆེན་གྱི་ཡོངས་འཛིན་
  • ཨ་ཁུ་བསང་ཁོག་འཇིགས་མེད་ཚང་དགོན་འདིར་གདན་ཞུ་བྱས་ནས་
  • དབང་ལུང་མང་པོ་གནང་པ་རེད།
  • སྤྱི་ལོ་༡༩༥༨ལོ་བར་དུ་དགོན་སྡེ་འདི་དེར་གནས་ཚུགས་པ་རེད་དེ་ནས་བཟུང་སྟེ་
  • མང་ཚོགས་བཅོས་བསྒྱུར་བྱས་ནས་ང་བརྒྱད་ཀྱི་ཉམས་རྒུད་ཡོང་པ་དེ་རེད།
  • ཉམས་རྒུད་ཡོང་ནས་དེ་འདྲ་བྱས་ཏེ་ད་བར་ཡིན་ན་འདི་ལྟར་བཤད་ཡོད་གི་
  • སྤྱི་ལོ་ས་ཆུ་སྟེ་སྤྱི་ལོ་༡༩༥༨ལོར་དགོན་སྡེ་ཡོངས་སུ་མང་ཚོགས་བཅོས་བསྒྱུར་བྱས།
  • སྔར་གྱི་ཆོས་སྲིད་ལམ་ལུགས་གཞི་ནས་བཅོས་ཏེ་ཡོངས་སུ་གསར་བར་བསྒྱུར་ནས་
  • བསྟན་པ་བསྟན་འཛིན་སྦྱིན་བདག་དང་བཅས་པ་ལ་ཉམས་གྲིབ་ཆེན་པོ་བྱུང་།
  • དེ་འདྲ་རེད་དེའི་སྐབས་ནས་བཟུང་གྲྭ་བ་མང་པོ་གྲོང་བའི་ནང་དུ་སྤྱུག་པའམ་
  • སློབ་གྲྭར་བཅུག་པ་སོགས་བྱས་ཏེ་དགོན་པའི་ལས་གནས་སོགས་གྲྭ་ཚང་གི
  • ལས་གནས་སོགས་་
  • ནགས་བཀལ་ནས་དགོན་པའི་ནགས་བཀལ་ནས་ཡ་མཚར་བའི་སྡུག་བསྔལ་སྦྱར་
  • གཅར་རྡུང་བྱས་ཏེ་བསད་པའམ་ཁྲིམས་ལ་ཁྱེར་བ་སོགས་བྱས་པ་དེ་འདྲ་རེད།
  • དེ་སྐབས་ཏེ་སྔོན་ཡིན་ན་ཨ་ལག་ཆོམ་ཚ་རབ་འབྱམས་པ་དགེ་འདུན་གྲགས་པའི་ཡང་སྤྲུལ་
  • སྐུ་ཕྲེང་བརྒྱད་པ་བསྟན་པ་ཡར་འཕེལ་ཚང་ཡིན་ན་དེའི་སྔོན་ལ་
  • བཅོས་བསྒྱུར་མ་བྱས་པའི་སྔོན་ལ་སྐུ་འདས་པ་རེད།
  • ཁོང་བཞུགས་ན་ཕན་ཐོག་མེད་གི་
  • སྤྱིར་ན་ཁོང་བསྡད་རུང་བླ་སློབ་གི་བར་དུ་ངན་པ་བྱུང་རྒྱུ་མ་གཏོགས་
  • ཁོང་བཞུགས་ན་ཕན་ཐོགས་མེད་གི་དེ་ལས་་་་
  • ཁོང་གིས་ཁྱོད་ཚོར་་་་་ང་ཚོ་རྐང་འགྲོ་ལག་གཤིབ་བྱས་ནས་འགྲོ་
  • ཞེས་དེ་འདྲའི་ཞལ་ཆེམས་ལ་སོགས་གསུངས་དེ་མང་ཚོགས་བཅོས་བསྒྱུར་མ་བྱས་གོང་སྐུ་འདས།
  • ཨ་ལག་བཙན་ལྷ་ཡང་དེ་བཞིན་རེད་བཅོས་མ་བྱས་སྔོན་ལ་ཁོང་ཚང་སྐུ་འདས་པ་རེད།
  • དེ་ལྟར་ཨ་ལག་རྣམས་ཀྱིས་དེ་འདྲ་དཀའ་ལས་མ་མྱངས་པ་རེད།
  • ཝ་ཤུལ་བླ་མ་ཡིན་ན་ཁོང་གིས་གཅར་རྡུང་ལ་སོགས་མཐོང་ཡོད་ས་རེད།
  • ཁོང་ཚང་དེའི་སྐབས་སུ་ཡོད་པ་རེད།
  • དེ་འདྲ་ཞིག་རེད།
  • གྲྭ་བ་མང་པོ་བླ་གྲྭ་མང་པོ་ཁྲིམས་ལ་བཟུང་ནས་བུད་སོང་བ་དེ་འདྲ་ཞིག་རེད།
  • རྗེས་སུ་སྤྱི་ལོ་་་རྒྱལ་ཁབ་ཀྱི་སྲིད་ཇུས་སྟེང་ནས་
  • སྤྱི་ལོ་༡༩༨༠ལོར་ཁྱུང་ཆུ་རྫོང་གི་ཆོས་ལུགས་ཚོགས་འདུ་ཐོག་དང་པོ་འཚོགས་ཏེ
  • དེའི་ཐོག་ཏུ་ཅི་རེད་ཟེར་ན་ཆུ་ཐོག་ཕྱོགས་ཀྱི་ཁང་དམར་དགོན་པའི་ཆོས་སྒོ་ཕྱེ་བ་རེད།
  • ཆུ་ཐོག་གི་གྲྭ་བ་ཡོངས་རྫོགས་དེ་ནས་འཚོགས་རྒྱུ་བྱས་ནས་
  • ཆོས་སྒོ་ཕྱེ་ཡོད་པ་དེ་འདྲ་ཞིག་རེད།
  • སྤྱི་ལོ་༡༩༨༠ལོའི་དགུན་ཁ་ཡིན་ས་རེད་དགུན་ཁ་དེ་ལ།
  • ཆོས་སྒོ་ཕྱེ་བ་ཡིན་ཁྱོད་ཚོ་འཚོགས་ན་ཆོག་ཅེས་བཤད་ཡོད་རེད།
  • འོན་ཀྱང་དེའི་སྐབས་སུ་དེའི་དགུན་ཁ་ཅི་ཡིན་བྱས་ན་དེའི་སྔོན་ལྷ་ཁང་དང་འདུ་ཁང་
  • འདུ་ཁང་རེད་མ་བཤིགས་པར་མཉམ་ལས་ཀྱི་ནས་སོགས་ཅ་ལག་འཇོག་ས་བྱས་ཡོད་པ་
  • དེ་ཉམས་གསོ་བྱས་ནས་དགོན་རྒྱབ་དང་བཤིགས་ཡོད་ས་རྣམས་བསྐྱར་གསོ་བྱས་ཏེ་
  • དེའི་དགུན་ཁར་འཚོགས་མ་ཐུབ་པར་༡༩༨༡ལོར་བསྒུགས་ཏེ་སྨོན་ལམ་ནི་གྲྭ་བ་ལྷག་མ་
  • འགའ་ཡོད་པ་ཡར་འཚོགས་ནས་སྨོན་ལམ་གྱི་མགོ་བཟུང་བ་རེད།
  • དེ་ལྟར་དུས་ཆེན་གྱི་སྐབས་སུ་གྲྭ་དེར་ཡོད་ཚད་ཐམས་ཅད་ཚུར་ཡོང་ནས་འཚོགས་པ་རེད།
  • དེ་མིན་པར་དུས་རྒྱུན་དུ་གྲྭ་བ་ལྔ་མ་གཏོགས་བསྡད་མི་ཆོག་པར་
  • གཞན་ཐམས་ཅད་མཉམ་ལས་ཀྱི་ནང་དུ་ཞུགས་དགོས་པ་རེད།
  • དེའི་རྗེས་སུ་ཡང་གཉིས་ཁ་བསྣན་ཏེ་གྲྭ་བ་བདུན་བསྡད་དེ་གཞན་རྣམས་མཉམ་ལས་ཀྱི་ལས་ཀར་ཞུགས།
  • དུས་མཆོད་སོགས་འཚོགས་དུས་མཉམ་ལས་ལ་གནང་བ་ཞུས་ཏེ་ཚུར་ཡོངས་ནས་དུས་མཆོད་འཚོགས།
  • ཡང་དུས་མཆོད་འཚོགས་ཚར་རྗེས་ཕྱིར་མཉམ་ལས་སུ་ཞུགས་དགོས་པ་དེ་འདྲ་ཞིག་ཡིན་ས་རེད།
  • དེ་འདྲ་ཞིག་རེད།
  • དེ་ནས་༡༩༨༢ལོར་པན་ཆེན་རིན་པོ་ཆེ་དཀར་ཡུལ་སར་ཕེབས་པ་རེད་རྔ་བ་ཁུལ་གྱི་ས་མང་པོ་ཞིག་ལ་
  • ཕེབས་པའི་དེའི་སྐབས་དེར་ཡང་འདིའི་ཁང་དམར་དགོན་པར་ཕེབས་པ་རེད།
  • སྤྱི་ལོ་༡༩༨༩ལོར་སྔོན་གྱི་འདུ་ཁང་གིས་མ་ཆོག་པར་འདུ་ཁང་གསར་བཞེངས་བྱས་པ་རེད།
  • དེ་གསར་བཞེངས་བྱས་པ་ལ་་་་
  • འདུ་ཁང་གི་ཕྱིའི་རྩིག་པ་དང་རྩིག་པའི་རྡོ་གཏོར་རྒྱུ་དང་རྡོ་བཟོའི་གླ་ཆ་རྡོ་བཟོ་བྱེད་རྒྱུ་དེ་ཆ་ཚང་པོ
  • ཟངས་དཀར་སྟོད་དང་ཟངས་དཀར་ཕྱུགས་རྭ་ཁང་གཉིས་ཀྱིས་ཁུར་དུ་བླངས་ནས་
  • འགྲོ་སོང་སོགས་ཀྱི་སྟེང་དེའི་འགན་ཁུར་བ་རེད།
  • ནང་གི་ཤིང་ཆ་གྲ་སྒྲིག་བྱེད་རྒྱུ་དང་ཤིང་གཅོད་རྒྱུ་ཤིང་བཟོ་ལ་སོགས་པ་
  • ཟངས་དཀར་བར་སྨད་གཉིས་ཀྱིས་འགན་ཁུར་བ་རེད།
  • དེའི་སྟེང་སུ་གྲྭ་ཚང་གིས་ཀྱང་ཕྱོགས་གཞན་ནས་ཤིང་ཆ་སོགས་ཉོས་ནས་གྲ་སྒྲིག་བྱས་ཏེ་
  • གྲྭ་ཚང་གཙོ་བོ་བྱས་པ་དང་དེའི་ཐོག་ཏུ་རུ་སྡེ་སོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ་གསར་བཞེངས་བྱས་པ་རེད།
  • ༡༩༩༡ལོར་འདུ་ཁང་འགྲུབ་པ་དང་དེའི་ལྷ་བབས་དུས་ཆེན་གྱི་ཉིན་མོ་འགྲུབ་སྟོན་བྱས།
  • དེ་ནས་སྤྱི་ལོ་༡༩༩༤ལོར་རྒྱལ་ཁབ་ཀྱི་མཆོག་མཆན་ཐོབ་ནས་ཆོམ་ཚ་སྐུ་ཕྲེང་དགུ་བ་ཚང་གི་ཡང་སྤྲུལ་
  • ད་བཙལ་ན་སྐུ་ཕྲེང་དགུ་བ་ཚང་གི་ཡང་སྤྲུལ་བཙལ་བའི་མཆོག་མཆན་ཐོབ་སྟེ་ངོས་འཛིན་བྱས།
  • སྤྱི་ལོ་༡༩༩༤ལོར་ཆོམ་ཚ་ཚང་ཁྲི་སྟོན་བྱས་པ་དང་སྤྱི་ལོ་༡༩༩༥ལོར་བཙན་ལྷ་ཚང་ཁྲི་སྟོན་བྱས།
  • དེ་བླ་མ་རྣམས་གཉིས་ངོས་འཛིན་བྱས་ཏེ་ཁྲི་ཁ་གདན་ཁ་བཀོད་དེ་ལྷ་བབས་དུས་ཆེན་ལ་
  • རྣམ་པ་གཉིས་ཀ་སྔར་ལོ་ཕྱི་ལོ་བྱས་ཏེ་ལྷ་བབས་དུས་ཆེན་ལ་ཁྲི་སྟོན་བྱས་པ་རེད།
  • ཨ་ལག་བཙན་ལྷ་ཚང་སྐུ་ན་གཞོན་གི་ཁོང་ཉིད་མཚན་ཀྱི་གྲྭ་སར་ཞུགས་ཏེ་
  • སྤྱིར་ཁོང་ཉིད་ཡིན་ན་མཚན་ཉིད་ཀྱི་གྲྭ་སའི་རེད་གྲྭ་ས་ནས་ཆོས་འཆད་ཉན་བྱས་ཏེ་
  • དཔེ་ཆ་གཟིགས་ཏེ་རྗེས་ཕྱོགས་ཡར་རྒྱ་གར་ལ་ཕེབས་སོང་བ་རེད།
  • དེ་རྒྱ་གར་ནས་་་དེ་འདི་ཟེར་གིན་འདུག་དེ་དུས་རྒྱ་གར་ལ་ཕེབས་རྒྱུ་དེ་
  • སྔོན་ལ་ང་ཚོ་འདི་ན་རྒད་པོ་ལོ་ལོན་ཞིག་གི་མིང་ལ་མདོ་སྡེ་ཟེར་མཁན་ཞིག་
  • ཡོད་པ་དེས་འདི་ཟེར་བ་ལྟར་ན་ཨ་ལག་བཙན་ལྷས་འདི་ལྟར་གསུངས་མྱོང་སྟེ་
  • ས་འདི་རུ་བསྡད་ན་ད་སྔ་ཆོས་ཟད་དེ་བསྡད་པར་དགེ་བ་མེད་གི་
  • དེ་ལས་རྒྱ་གར་ཕྱོགས་སུ་སོང་ནས་དཔེ་ཆར་གཟིགས་ན་ཤིན་ཏུ་ཡ་མཚན་བཟང་པོ་འདུག་
  • ཅེས་སྐུ་ཚེ་སྔོན་མས་དེ་ལྟར་གསུངས་མྱོང་ལ་ད་ནི་སྐུ་ཚེ་རྗེས་མ་འདི་རྒྱ་གར་ཏུ་ཕེབས་པ་དེ་
  • སྐུ་སྔ་བའི་ལུང་བསྟན་ཁོང་ལ་བསྟན་པ་རེད་
  • ལུང་བསྟན་གསུངས་པ་ནང་བཞིན་རེད་ཅེས་དེ་འདྲ་བཤད་གི
  • ལོ་ལོན་རྣམས་ལ་དེ་འདྲ་བཤད་རྒྱུ་འདུག
  • དེ་ལས་ལྷག་པ་རྒད་པོ་རྣམས་ཀྱིས་ཡ་མཚན་ཨ་ལག་ཁོང་ཚང་ལ་དད་གི་
  • ཅི་རེད་ཟེར་ན་ཁོང་ཚང་གི་ནང་ཆེན་འཁོར་ལོ་ཞེས་པའི་འཁོར་ལོ་ཆེན་པོ་ཞིག་
  • བཞེངས་ཡོད་པ་རེད་ཨ་ལག་བཙན་ལྷ་ཚང་ཁོང་ཚང་གིས་
  • ཁོང་ཉིད་སྔོན་ལ་རྒྱུ་རྩ་འདྲ་ཤིན་ཏུ་ཡོད་ས་ཞིག་ཡིན་ས་རེད་
  • ས་ཆ་ག་ས་གང་དུ་སོང་ནས་དཔེ་ཆ་སོགས་མང་པོ་ཉོས་
  • བཀའ་བསྟན་འགྱུར་དང་གསུང་འབུམ་གྱི་སྐོར་མང་པོ་ཉོས་ཏེ་གྲྭ་ས་
  • ཁང་དམར་དགོན་པ་གཙོ་བྱས་ཏེ་དེ་མིན་པའི་གྲྭ་ས་གཞན་མང་པོར་བཞག་པ་
  • སོགས་བྱས་པའི་ལོ་རྒྱུས་ཡོད་གི
  • དེའི་སྐབས་སུ་ཁོང་གིས་འཁོར་ཆེན་ཞིག་བཞེངས་པ་རེད་ཟེར་སྲོལ་ཡོད་གི
  • འཁོར་ཆེན་དེ་བཞེངས་ན་རྗེས་མར་འཁོར་ཆེན་དེ་བཤིགས་སོང་ན་
  • ནང་ཆེན་སོགས་ཁོང་ཨ་ལག་བཙན་ལྷ་ཕར་ཞོག་
  • ནང་ཆེན་གྱི་རྒྱ་རྭ་གན་ཐམས་ཅད་པོར་ཚེར་མ་སྐྱེས་ཡོད་སྲིད།
  • གལ་ཏེ་འཁོར་ལོ་འདི་མ་བཤིགས་ན་སྐྱོན་ཡོད་ས་མ་རེད་ཅེས་གསུངས་ཡོད་པ་རེད།
  • རྗེས་སུ་འཁོར་ལོ་བཅོས་བསྒྱུར་གྱི་སྐབས་ཡོད་ཚད་པོ་བཤིགས་པ་རེད།
  • དེ་ལོས་བཤིགས་བཤིགས་ཚར་ནི་རེད།
  • རྗེས་སུ་དངོས་ནས་ཁོང་གིས་ནང་ཆེན་གྱི་ཤུལ་གྱང་ལུས་ཡོད་པ་དེ་སོགས་ཀྱི་སྟེང་
  • དུ་ཚེར་མ་སྐྱེས་ཡོད་ཐལ་དེ་བས་རྒད་པོས་འདི་རེད་བླ་མའི་ལུང་བསྟན་
  • སྔོན་ལ་གསལ་བོར་གསུངས་ཡོད་པ་ཏག་ཏག་རེད་ཅེས་ངུ་དཔེ།
  • དེ་འདྲ་ཡ་མཚན་ཡིན་ཡོད་རེད་་་
  • དེ་རེད་ཨ་ལག་བཙན་ལྷ་ཚང་དེ་ལྟར་རྒྱ་གར་ལ་ཕེབས་སོང་བ་དེ་སྐུ་ཕྲེང་བརྒྱད་པ་ཞིག་རེད།
  • ཆོམ་ཚ་ཚང་དགུང་ལོ་མཐོ་གི་ཁོང་ཉིད་ཀྱང་མཚན་ཉིད་གྲྭ་སའི་རེད།
  • ཁོང་ཉིད་དེ་དུས་པེ་ཅིན་གྱི་ནང་བསྟན་སློབ་གྲྭར་ཕེབས་པ་རེད་ཕེབས་ནས་
  • དེར་ཕལ་ཆེར་ལོ་ལྔ་ཡས་མས་ལ་བཞུགས་ཡོད་ས་རེད།
  • དེ་ནས་ཁོང་ཚང་ཕྱིར་ཁང་དམར་དགོན་པར་ཕེབས་ཏེ་དགོན་པ་ཡག་པོར་བསྐྱངས།
  • དེ་རེད་ཆོས་སྲིད་གཉིས་ཀྱིས་ཐད་ནས་ཁོང་གིས་བསྐྱངས་པ་དེ་རེད།
  • དེ་ནས་ཁོང་གིས་དགོན་པར་སྨན་ཁང་བཞེངས་པ་དང་ལྷ་ཁང་དང་
  • ཆོས་གྲྭ་བཞེངས་པ་དང་སྔར་ཡོད་པའི་མགོན་ཁང་གསར་བཞེངས་བྱས།
  • ཨ་ལག་བཙན་ལྷའི་ནང་ཆེན་གསར་བཞེངས་བྱས་པ་རེད།
  • དེ་དེ་ནས་ཁོང་གི་ནང་ཆེན་གསར་བཞེངས་བྱས་པ་རེད།
  • དེ་འདྲ་ཞིག་རེད་ད་ང་ཚོ་ཁང་དམར་དགོན་བཞེངས་པ་དེ་འདྲ་རེད།
  • དེ་བཞེངས་པར་མ་ཟད་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་ལྷ་ཁང་ལ་སོགས་
  • སྐྱབས་མགོ་དགོན་པའི་ཆོས་རྟེན་ལ་སོགས་མང་པོ་ཞིག་བཞེངས་པ་རེད།
  • དེ་ནས་ཆོས་ཀྱི་ཐད་ནས་དགོན་པའི་ཆོས་སྲིད་དེ་སྒྲིག་ལམ་གྱི་ཐོག་ནས་གཏིང་འཛིན་བྱས།
  • དེར་མ་ཟད་ཁྲི་བ་བཟུང་ནས་ཁྲི་བ་ལོ་གསུམ་ལ་བཟུང་བ་རེད།
  • དེ་ལས་ལོ་གཅིག་ལ་ཁོང་ཚང་མ་ཁོམ་པར་ཨ་ཁུ་ཚུལ་ཁྲིམས་ཀྱིས་ཁྲི་ཚབ་བྱས།
  • དེ་འདྲ་ཞིག་རེད་ཁོང་གིས་དགོན་པ་ནས་ལོ་གསུམ་ལ་ཁྲི་བ་བྱས།
  • དེའི་སྐབས་སུ་རྒྱུད་སྡེ་ལ་སོགས་པ་སྡེ་གསང་འཇིགས་གསུམ་་
  • དེ་ནས་གཡང་སྟེ་མགོན་ཆོས་ལྷ་རྣམས་ལ་སོགས་ཀྱི་གཡང་རྒྱུགས་བླངས་ནས་
  • འདོན་ཕྱག་ལེན་གྱི་ཕྱོགས་ནས་ཞིབ་ཕྲ་བྱས་ཏེ་ཐུགས་ཁུར་གནང་བ་མ་ཟད།
  • ཁང་དམར་དགོན་པའི་དབུ་ཆོས་རྣམས་གསུམ་ལ་སོགས་པ་བསྐོ་བཞག་བྱེད་དགོས་ན་
  • ཁོང་ཚང་གིས་དངོས་སུ་བསྐོ་བཞག་གནང་ནས་དེ་ལྟར་བྱས་པ་རེད།
  • ང་ཆུང་དུས་དགེ་ཕྲུག་ཡིན་དུས་དགོན་པའི་དབང་ལུང་གནང་མཁན་གཙོ་བོ་
  • ཨ་ཁུ་བསམ་གཏན་ཚང་སྟེ་དམུ་དགེ་བསམ་གཏན་ཚང་ཡིན་པ་རེད།
  • དམུ་དགེ་བསམ་གཏན་ཚང་འཇིག་རྟེན་རྙིང་བའི་ནང་འདིར་ཕེབས་སྟེ་
  • དགོན་པའི་ནང་དུ་བཞུགས་མྱོང་བ་རེད་ཟེར།
  • དེའི་ཕྱིན་ཆོས་སྒོ་ཕྱེས་རྗེས་ཡང་ཡོངས་སྟེ་དབང་ལུང་སྡེ་གསང་འཇིག་གསུམ་ལ་སོགས་
  • དབང་ལུང་མང་པོ་གནང་བ་རེད་ཟེར།
  • དེའི་རྗེས་ནས་ང་རང་གྲྭ་སར་ཞུགས་རྗེས་ཡང་བསྐྱར་ཕེབས་ནས་སྡེ་གསང་འཇིག་གསུམ་
  • ལྷ་མོ་དང་དམ་ཅན་མགོན་པོ་ལ་སོགས་པའི་རྒྱས་གནང་དེ་
  • འདྲ་མང་པོ་གནང་ནས་དབང་ལུང་མང་པོ་གནང་བ་རེད།
  • དགོན་པའི་དབང་གི་བླ་མ་གཙོ་བོ་དེ་དག་རེད།
  • དེ་སྔོན་འཇིག་རྟེན་རྙིང་བའི་ནང་ཡིན་དུས་གཙོ་བོ་ད་ཅི་སྔོན་ལ་ངས་བཤད་པའི་
  • ཨ་ཁུ་བསང་ཁོག་འཇིགས་མེད་ཚང་དེ་ཚང་ཡིན་ས་རེད།
  • དེ་ཚང་གིས་དུས་འཁོར་དབང་ཆེན་གཙོ་བོ་བྱས་ཏེ་དབང་ལུང་མ་གནང་བ་ཞིག་མེད་ཟེར།
  • དེ་ལྟར་དབང་ལུང་མང་པོ་གནང་ནས་དགོན་པའི་གཙོ་བོ་དབང་གི་བླ་མ་དེ་རྣམས་རེད།
  • པན་ཆེན་བཅུ་བ་ཚང་༡༩༨༢ལོར་ཕེབས་དུས་སུའང་ཁོང་གི་ཡོངས་འཛིན་ཨ་ལག་
  • རྒྱལ་རི་ཚང་གིས་ཨ་ཁུ་བསང་ཁོག་ཚང་པན་ཆེན་གྱི་ཡོངས་འཛིན་ཡིན་པ་དང་
  • དེར་མ་ཟད་ཁོང་ཚང་དགོན་པ་འདིའི་དབང་ལུང་བྱེད་མཁན་གཙོ་བོ་ཡིན་པ་
  • སོགས་ཡར་ཞུ་བྱས་པས་ཁོང་གིས་ཁང་དམར་དགོན་པར་རྟེན་དཀའ་ལ་
  • འཇིགས་བྱེད་སྐུ་ཞིག་སྟེ་ནང་དུ་ཁོང་གི་སྐུ་ཕྲེང་རིམ་བྱོན་གྱི་རྟེན་འདུས་དང་
  • སྐུ་ཕྲེང་དགུ་བ་དང་བཅུ་བ་སོགས་ཀྱི་ཕྱག་ཕྲེང་སོགས་གཟུངས་བཞུགས་སུ་ཡོད་པའི་
  • དེ་འདྲའི་འཇིགས་བྱེད་ཀྱི་སྐུ་ཞིག་དགོན་པར་རྟེན་དཀར་གནངས།
  • དབང་ལུང་གི་ཐད་ནས་དེ་འདྲ་ཞིག་རེད།
  • ད་རྗེས་ཕྱོགས་དེང་སང་ཡིན་ན་
  • སྤྱི་ལོ་༢༠༠༤ནས་བཟུང་ལྡོང་ཡོན་ཏན་ཚང་གདན་ཞུས་བྱས་ནས་དགོན་པའི་ལམ་རིམ་
  • སྐྱབས་ཁྲིད་ལ་སོགས་གུང་ཐང་བསྟན་པའི་སྒྲོན་མེའི་བསླབ་བྱ་ལ་སོགས་པ་
  • དེ་མིན་པའི་སུམ་རྟགས་དག་གསུམ་སྙན་ངག་དབུ་ཅན་དབུ་མེད་ལ་སོགས་པའི་
  • སྨྱུག་ཁ་ཁྲིད་པ་སོགས་དེ་འདྲ་བྱས་པ་རེད་རིག་གནས་དང་ཆོས་ཕྱོགས་ནས
  • གཙོ་བོ་དགོན་པའི་རྒྱུད་སྡེ་ཡིན་ན་དུས་འཁོར་རེད་ཁང་དམར་དགོན་པའི་གཙོ་བོ་དུས་འཁོར་རེད།
  • དུས་འཁོར་ལ་ཆ་ལག་ཡོངས་རྫོགས་ཐིག་གདབ་དང་གར་འཆམ་ལ་སོགས་པ
  • ཕྲ་ཞིང་ཞིབ་པ་ཞིག་ཨ་ཁུ་བློ་གྲོས་ཚང་དང་ཨ་ཁུ་འཇིགས་མེད་ཚང་ཨ་ལག་བཙན་ལྷ་ཚང་
  • དེ་གསུམ་པོའི་བཀའ་དྲིན་ལ་རྟེན་ནས་དེ་འདྲ་ཡ་མཚར་བ་ཡོད་པ་དེ་གཙོ་བོ་རེད།
  • དགོན་པའི་མཚན་བྱང་ལ་སོགས་པ་དེའི་སྟེང་ནས་གཙོ་བོ་རེད
  • དེའི་ཐོག་ཏུ་སྡེ་གསང་འཇིགས་གསུམ་ཀུན་རིག་མི་འཁྲུགས་པ་
  • རྒྱུད་སྡེ་ཐུགས་རྗེ་ཆེན་པོའི་གོ་གནས་མ་ཎི་རིལ་མཆོག་གི་བདུན་སྒྲུབ་ལ་སོགས་པ་
  • མང་པོ་ཞིག་ཡོད་པ་དང་དེ་ལས་གཞན་དུས་ཆེན་ལ་སྨོན་ལམ་དང་
  • མཆོད་སྤྲིན་གྱི་སྨོན་ལམ་དུས་ཆེན་དང་དེ་ནས་སང་ཉིན་གྱི་ནག་ག་ཟླ་བའི་ནང་
  • དུས་འཁོར་བདུན་འགྲུབ་དུས་ཆེན་ས་ག་ཟླ་བའི་ནང་མ་ཎི་བདུན་འགྲུབ་རེད།
  • དབྱར་གནས་དེ་ལ་དབྱར་གསུམ་ལ་སོགས་པ་ཧ་ཅང་ཆ་ཚང་བ་ཞིག་བཞུགས་པ་དང་།
  • དེ་ནས་དགུ་བའི་ཉེར་གཉིས་སྟེ་ལྷ་བབས་དུས་ཆེན་དང་དགའ་ལྡན་ལྔ་མཆོད་ཆེན་མོ་
  • ལ་སོགས་པ་དེ་འདྲ་འཚོགས་རྒྱུ་ཡོད་པ་རེད།
  • ལོ་གཅིག་ལ་ཉིན་༣༦༠ཡོད་པ་ལས་ཁང་དམར་དགོན་པ་ཉིན་ཧྲིལ་པོར་འཚོགས་རྒྱུ་ཡོད་པ་
  • ཉིན་༡༦༠ཡོད་པ་རེད་དེ་མ་ཡིན་པའི་ལྷག་མ་རྒྱུན་འཚོགས་འཚོགས་ན་
  • ཕལ་ཆེར་མང་ཆེ་བ་འཇིགས་བྱེད་ཀྱི་རྒྱུན་འཚོགས་འཚོགས་པ་དང་
  • དེ་ལས་གཞན་པ་འཇིགས་བྱེད་ལྷ་བཅུ་གསུམ་མ་ལ་སོགས་ཀྱི་རྒྱུན་འཚོགས་ཡོད་པ་རེད།
  • གཙོ་བོ་ཉིན་གང་བོར་འཚོགས་དགོས་པ་ཉིན་༡༦༠ལ་འཚོགས་དགོས་ཟེར།
  • གཙོ་བོ་རྒྱུད་སྡེ་རྣམས་ཉམས་ལེན་བྱེད་རྒྱུ་དང་ཐུགས་ཟ་ཆོག་སོགས་ཉམས་ལེན་བྱེད་རྒྱུ་དེ་རེད།
  • དེའི་ཐོག་ཏུ་ཆོ་ག་ཆོས་བརྗོད་དང་སྨོན་ལམ་ལ་སོགས་པ་འཚོགས་རྒྱུ་དེ་རེད།
  • རིག་གནས་སྦྱང་བའི་ཕྱོགས་ནས་བཤད་ན་གཙོ་བོ་དེ་འདྲ་ཞིག་རེད།