Skip to main content Skip to search
15 Dec 2011
6 min 42 sec
Rating
0
No votes yet
Video Overview
Creators: 
Unknown

Jangbu, a modern Tibetan poet from Amdo, reads the poem "The Himalayan Song of Anguish" from his book Jangbu's Collected Works.

Show More

  • ཨཱ། ད་དེ་རིང་ཀློག་ཡས་དེ། ཧི་མ་ལ་ཡའི་གདུང་གླུ་། ཟེར་ཡས་འདི་ཡིན།
  • འདི། ད་ང་རང་ངོས་ནས་བཤད་ན། འདི་ཏོག་ཙམ་གོ་ཁག་པོ་འདུག ཧེ། ང་རང་སོ་སོས་ཀྱང་མཚམས་མཚམས་ལ་ཧ་མ་གོ་བའི་བཟོ་འདྲ་ཅིག་ཆགས་འགྲོ་ཡིས།
  • ད་འདི་རྒྱུ་མཚན་འདི་གཙོ་བོ་ཡིན་ན། ད་སོ་སོའི་བསམ་བློའི་ནང་ལ་བཤད་འདོད་ཡས་ཀྱི་སྐད་ཆ་གཅིག་ཡོད་པ་བྱས། ཨ་ནི་་་་དེ་སོ་སོའི་བསམ་བློ་དང་ཡང་ཏག་ཏག་ཡོད་པ་བྱས། མི་གཞན་དག་གིས་ཧ་གོ་པ་བྱས། དེ་འདྲས་ཀྱི་ལམ་ཁ་གཅིག་འཚོལ་ཡས་དེ་བྱས། ཨ་ནི་་་་ཚོད་ལྟ་བཟོ་འདྲ་ཅིག་བྱས་བྱས། དེ་ནི་བྱུང་པ་ཅིག་ཡིན་ཟེར། ད་འདི།
  • བྱས་ཙང་། ཨ་ནི་་་་ཁ་དམ་པོ་བཟོ་འདྲ་གཅིག གོ་ཁག་པོ་ཅིག་ཡོད། ཟེར།
  • ཧི་མ་ལ་ཡའི་གདུང་གླུ།
  • སྔོན་འགྲོའི་རོལ་དབྱངས།
  • སྐྱེས་ཆེན་ཚོའི་ཤུལ་བཞག་གི་རོ་བཅུད་ཁྱོད་ཚོས་ཐུངས་ཤིག  དེ་ནི་ཤ་ཚིལ་ཉིས་འདྲེས་ཀྱི་ངོམས་སོ་དང་དབུགས་དབྱུང་ཡིན། སོས་དལ་བག་ཕེབས་ཅན་གྱི་ནེ་ཙོ་དང་འཇོལ་མོ་དག གཅིག་ནི་གཟེབ་ཆུང་། ཅིག་ཤོས་ཀྱང་གཟེབ་ཆུང་དག ཁྱོད་ཀྱི་ཕྲག་པར་ཅི་ཞིག་བབས་པ་ཨེ་ཚོར།    ངས་རང་ལ་དེ་ལྟར་འདྲི་བཞིན་མནར་གཅོད་བཏང་།       དེ་དུས་འུག་པ་གཞན་ཞིག་གི་ཚབ་ཏུ་ཕ་ཝང་ཡང་འཁོར༎
  • བར་སྐོར་གྱི་གཅོང་རོང་།
  • བསམ་ཡུལ་ལས་འདས་པའི་དེབ་ཐེར་ནམ་ཡང་གསར་པ་ཡིན།   བདེན་ལུགས་ཏེ་ར་སྤྲོད་ཀྱི་དགོས་མཁོར་གཞིགས་ནས།   ཕྱག་སྐོར་གྱི་མཐོ་རླབས་སྲོད་དུས་ཀྱི་མཚོ་ངོས་སུ་འཕྱུར།    ནོར་ལུག་ཀྱི་ཁྱུ་ཡིས་མཇུག་མཐའི་སྔོ་རྩྭ་ཁམ་གང་ལྡད་ཀྱིན།   རྡོ་དང་ས་ནག་གི་སྔ་རོལ་དུ་ཅི་ཞིག་བྱུང་བར་བསམ་བློ་བཏང་།   ཅང་ཤེས་རྟ་ཕོ་ནི་བྱ་རྒོད་བཅས་གདུང་འཚོབ་ཡིན་ནམ། ཡིན།
  • གཡས་འཁོར་གྱིས་བཞུར་བའི་ཆུ་ཀློང་གི་རྐྱེན་གྱིས།     ངས་བཞུར་གྱིན་པའི་ཡར་འབྲོག་གཡུ་མཚོ་གླེང་ཞིང་།   ལག་པ་ཆུང་ཆུང་གྲོགས་པོ་ཚོའི་ཕྲག་པས་ནས་བླངས་ཏེ།     གསེར་མདོག་གི་འཁོར་ལོ་བརྒྱ་དང་བརྒྱད་པོ་བསྐོར།
  •  མགོ་ལྕོག་ལྡེམ་པའི་གྲོ་ནས་ཀྱི་སྙེ་མ་དག    དྲི་བཞོན་གྱི་ཁྲོད་ནས་ཐག་རིང་ཐག་རིང་དུ་སོང་།       སླར་ཡང་རང་གནས་སུ་དལ་ཅག་གེར་གནས།   ཁྱི་སྐད་དང་འགལ་ཟླ་ཡང་མེད་པའི་མཚན་མོར།        གྲོང་ཁྱེར་ནུབ་མཐའི་རྩྭ་ལྡུམ་གྱི་རམ་འདེགས་འོག  ངས་མི་ཚོགས་དང་འབྲི་མར་འཐུལ་བའི་འཇིག་རྟེན་ཞིག་བསྐྲུན་ཅིང་།     དེ་ལ་ལྷ་རྫས་དང་བཅས་པའི་མངོན་ཆུང་གི་གསལ་འདེབས་ཤིག་བྲིས།
  • སུ་ལའང་ཁག་དཀྲི་དང་འཁང་ར་མེད་པར།
  •   ང་རི་བོ་ཞིག་གི་ཁ་གཏད་དུ་བསྡད་པའམ།       མཚར་སྡུག་འོད་སྟོང་འབར་བ་ཅི་ཡང་མ་མཐོང་།     སྒྲེན་མོར་རྒྱུ་བའི་རྐྱེན་གྱིས་བྲག་ཅ་འཁོར་ཞིང་།     ཕྱོགས་བཞི་ནས་བབས་པའི་བྱ་སྤུ་ལུས་ལ་ཟུག      སྨག་ནག་པའི་མཚན་མོ་དུ་མའི་ཁ་བ།       ནམ་མཁའི་བྲང་ཁོག་དོག་མོ་ལས་ང་རྒྱལ་གྱིས་འོང་།
  •  ང་རང་སྐྲག་པའི་གཅན་གཟན་དེ་རང་ཉིད་ཡིན་ན།     སུ་ལའང་ཁག་དཀྲི་དང་འཁང་ར་མེད་པར།      རི་ཚོགས་ཀྱི་རྒྱུན་གྱིས་སྐར་མདའ་བཞིན་དེད་ནས།     རྟོག་གེ་བའི་འབྲི་དེབ་ཀྱི་ཡིག་འབྲུའི་བར་དུ་འཚང་།     ང་ནགས་ཚལ་གྱི་འཚང་ཀ་སྟུག་པོ་ལས་ཕྱིར་ཐོན་དུས།    རི་བོ་དེའི་ཁ་གཏད་དུ་གཞན་ཅི་ཞིག་བཞག་ཡོད།      གདུང་རྟེན་ཞིག་གམ་སྐུ་དཔར་ཞིག
  •   སུ་ལའང་ཁག་དཀྲི་དང་འཁང་ར་མེད་པར།    ངས་བརྩེ་དུང་གི་ལྕུག་ཕྲན་མཉེན་མོ་ཞིག་བསྲུངས།        རླུང་བུ་ཡང་བྱིའུ་ཁྱུ་འཕུར་བ་ཇི་བཞིན་གཡུག   ངས་སྦྱར་བྱང་མེད་པའི་དེབ་ཆུང་ཞིག་བཟུང་ནས།        གསང་བའི་ཡུལ་ལུང་གི་རེ་འབྲས་ཐ་མ་བཀླགས།   ཟླ་འོད་བྱུག་པའི་རྒྱལ་མཚན་རྩེ་མོ་དང་གྲིབ་མ།
  • མངོན་བརྗོད་དང་མེ་ཏོག་ཕྲེང་བ།
  •  དར་སྲབ་ཀྱིས་གཡོགས་པའི་བུ་མོའི་དབུགས་ཀྱི་འབྱིན་རྔུབ་བྲེལ། གང་ས་གང་དུ་སྐྱེད་ཚལ་དང་གསལ་འདེབས་སྐྱོབ་པའི་ངེས་པ་བྲལ།   ཁ་བའི་འདབ་མ་སྙོམ་པོའི་སྟེང་དུ་མཛེས་སྡུག་ངེས་ཡོད་ན།  མངོན་བརྗོད་དང་མེ་ཏོག་ཕྲེང་བ་ཁྱོད་ལ་དབང་།      སྦྲིད་སྨན་ལྟ་བུའི་འོད་མདངས་དམར་བོའི་འོག་ཏུ།   གཤགས་བཅོས་ལ་མཁས་པའི་བསམ་བློ་བ་ཤིན་ཏུ་དཀོན།
  •   རང་ཉིད་མཐོང་མྱོང་བའི་སྐྱེས་ཆེན་ཡང་ཇེ་ཉུང་ཇེ་ཉུང་རེད།    རིག་པའི་བུ་ཆུང་དེ་ད་དུང་ན་སོ་ཕྲ།       རྩི་རྐང་ཞིག་གམ་གཏན་ནས་མེད་པའི་རྒན་མོ་ཞིག་གིས།     གཞོན་ནུ་མའི་བརླ་རྐང་གི་གླིང་བུ་འབུད་སྲིད་དམ།  སུས་ཤེས།    རང་ལ་དྲིས་ཤིག
  • བརྗེད་རུང་བའི་དུས་གསུམ།
  •  ཅི་ཡང་མེད་པའི་རི་རྒྱལ་ལྷུན་པོ་དེ་བཞིན་ཉིལ་བྱུང་།    མ་འོངས་པའི་བྱིའུ་ཆུང་ད་དུང་འཕུར་མགོ་མ་ཚུགས་ལ།     ཕ་མ་ཡང་མ་ཤི་བར་རྒས་ཤིང་འཆོལ་སོང་།     སྐར་ཕྲན་ཞིག་གི་གསང་བ་དང་འགྱོད་གདུང་གི་ཕྱིར་དུ།     དྲག་རླུང་ཡོད་ཚད་རྔམ་ཟིལ་གྱིས་ལྡང་དགོས་དོན་མེད།   ཕྱོགས་བཞི་ནས་བསྐོར་བའི་སྤྲིན་པ་སེར་བོས།        ལོ་རྒྱུས་ཀྱི་གོ་འཛོལ་དང་སྐྱོ་ངལ་ཁྱེར་ཡོང་། 
  •  བྲང་ཁོང་གི་ལྗོན་པའི་སྐྱེ་རྒྱུན་ཆོད་དང་།    དུས་ཚོད་དང་ལ་རྒྱ་མཉམ་དུ་ཞི་ནས།          ཕ་མས་མིན་ལ་གཉེན་མིས་ཀྱང་མིན་པའི་དཔེ་རིས་མཐོང་ཞིང་། རོ་ལངས་ཀྱི་ཞབས་བྲོ་དང་སྦྱིན་སྲེག་འདྲེས་མ་ཚོར་སྲིད།     ལས་སྐལ་གྱིས་ཡུལ་དུས་ངེས་པ་མེད་པར།    ཁ་ཟས་དང་ལྟོ་གོས་ཀྱི་ཕྱིར་དུ།           མཛེས་ཤིང་མངར་བའི་ཤིང་ཏོག་གི་གསོལ་སྟོན་བཤམས།    དྭ་ཕྲུག་དང་ཉི་ཟླ།  གྲོགས་མེད་ཁེར་རྐྱང་གི།    རྫོགས་མཐའ་མེད་པའི་འགྲུལ་བཞུད་ཀྱི་བསྐྱར་ཟློས།
  • འུར་རྡོ་དང་དགའ་ལྡན་དགོན་པ།
  •   གྲི་རིང་བཏོན་ཞིང་སྒྱོགས་སྒྲ་ལྡིར་དུས།    སྙིང་ནད་ཀྱི་རུམ་ནས་མགལ་མེ་འཁོར་འདྲའི་གཞོབ་དྲི་མཆེད།    ཕྱི་གླིང་བ་དེ་འགྲོ་ཞོར་ལ་ང་ལ་ཕྱི་མིག་བལྟས།   དེ་ནས་བཟུང་ང་འཛུམ་མདངས་ཐམས་ཅད་ལ་ཡིད་ཆེས་བྲལ།      དེ་ནས་བཟུང་ང་ཁེར་རྐྱང་དང་རྒྱུས་ལོན་མེད་པའི།    ཀློང་ཐང་གི་རྒྱ་ཁྱོན་དང་སྨིག་རྒྱུའི་གྲོང་ལ་ཞེད། 
  •   དེ་ནས་བཟུང་ངས་དྭ་ཕྲུག་དང་གྱང་ཁོག་ལ་སྙིང་རྗེ་འཆང་།  མནོ་བསམ་གྱིས་ཁྲིད་དེ་ང་རང་རྨེག་མེད་ཀྱི་མདུན་དུ་ལངས།   ཚེར་མའི་མེ་ཏོག་གི་མཛེས་སྡུག་ཀྱང་། 
  • འུར་རྡོ་དང་དགའ་ལྡན་དགོན་པ།
  • གྲི་རིང་བཏོན་ཞིང་སྒྱོགས་སྒྲ་ལྡིར་དུས།    སྙིང་ནད་ཀྱི་རུམ་ནས་མགལ་མེ་འཁོར་འདྲའི་གཞོབ་དྲི་མཆེད།     ཕྱི་གླིང་བ་དེ་འགྲོ་ཞོར་ལ་ང་ལ་ཕྱི་མིག་བལྟས།   དེ་ནས་བཟུང་ང་འཛུམ་མདངས་ཐམས་ཅད་ལ་ཡིད་ཆེས་བྲལ།      དེ་ནས་བཟུང་ང་ཁྱེར་རྐྱང་དང་རྒྱུས་ལོན་མེད་པའི།    ཀློང་ཐང་གི་རྒྱ་ཁྱོན་དང་སྨིག་རྒྱུའི་གྲོང་ལ་ཞེད།
  •  དེ་ནས་བཟུང་ངས་དྭ་ཕྲུག་དང་གྱང་ཁོག་ལ་སྙིང་རྗེ་འཆང་།  མནོ་བསམ་གྱིས་ཁྲིད་དེ་ང་རང་རྨེག་མེད་ཀྱི་མདུན་དུ་ལངས།   ཚེར་མའི་མེ་ཏོག་གི་མཛེས་སྡུག་ཀྱང་ངས་དེ་དུས་མཐོང་།   བྲག་ཐེམ་གྱི་བང་རིམ་རེ་ལ་ངའི་སྐྱོ་གདུང་རེ་བབས།