Skip to main content Skip to search
28 Aug 2018
4 min 48 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Ugyen

༉  རྩང་མོ་ཟེར་མི་འདི་ བུཚ་དང་བུམོ་ཚུའི་བར་ན་ ཡོན་ཏན་དང་རིག་པའི་རྩལ་ འགྲན་བསྡུར་འབད་ནིའི་དོན་ལུ་འཐེནམ་ཨིནམ་ད་ རྩང་མོ་ལུ་ དགྲ་གླུ་དང་གཉེན་གླུ་ བསྟོད་གླུ་དང་སྨད་གླུ་ དེ་ལས་དགའ་གླུ་ཟེར་ཡོད། མི་ཚུ་གིས་ ཞིང་ནང་ལཱ་འབད་བའི་སྐབས་དང་ནོར་འཚོ་བའི་སྐབས་ ལོ་ཐོག་སྲུང་སྡོདཔ་ད་ རང་ལུགས་ཀྱི་ཁྱིམ་རྐྱབ་པའི་སྐབས་སུ་ རྩང་མོའི་འགྲན་བསྡུར་རྐྱབ་སྲོལ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ དེ་སྦེ་འཐེན་སྲོལ་གནམ་མེད་ས་མེད་ཅིག་མིན་འདུག རྩང་མོ་འདི་ མི་རང་སོའི་ནང་ན་མནོ་བའི་ཚོར་སྣང་ཚུ་ སྐད་ཀྱི་གདངས་མ་འདྲཝ་གི་ཐོག་ལས་གཞན་ལུ་ སླབ་མི་ཅིག་ཨིནམ་ད་ རྩང་མོ་འདི་ སྤྱིར་བཏང་གི་གླུ་གཞས་བཟུམ་སྦེ་ལེའུ་བསྒྱུར་ཏེ་ རྐྱབ་སྲོལ་མ་པ་ལས་ར་མེདཔ་ཨིན། ད་ལྟོའི་རྩང་མོ་འདི་ བསྡུ་སྒྲིག་གི་དོན་ལུ་འབདཝ་ལས་ ནོར་བུ་སྒྲོལ་མ་དང་བསོད་ནམས་ལྷ་མོ་གཉིས་ཀྱིས་ རྩང་མོ་ཆ་མཉམ་སླ་བསྲེ་སྟེ་འཐེནམ་མ་གཏོགས་ འགྲན་བསྡུར་འབད་འཐེན་འཐེནམ་མེན་ཏེ་འབད་ད་རུང་ ད་ལྟོའི་རྩང་མོ་འདི་ ལམ་ལུགས་དང་མཐུནམ་སྦེ་ དང་པ་ར་གཅིག་གིས་གཅིག་ ཡིད་ཆེས་བཅུག་ནིའི་དོན་ལུ་བསྟོད་གླུ་འཐེན་དོ་ཡོདཔ་ད་ དྲོད་འབར་ཡི་འབར་ཡི་ དགྲ་གླུ་དང་སྨད་གླུ་འཐེན་ཞིནམ་ལས་ མཇུག་ལུ་གཅིག་གིས་གཅིག་ལུ་འཆམ་ཁ་བཟོ་སྟེ་ གཉེན་གླུ་འཐེནམ་ཨིན་མས།

Show More

  • བསོད་ནམས་ལྷ་མོ་ Sonam Lhamo
    རྒྱ་མཚོའི་དབྱིངས་ནི་(ན་)བཞུགས་པའི། །ནོར་བུ་གདུང་དཀར་གཡས་འཁྱིལ། ། ཕྱི་ལ་དཀར་དཀར་མདངས་སོང་། །ནང་ལ་གསུང་སྐད་སྙན་སོང། །
  • ནོར་བུ་སྒྲོལ་མ་ Norbu Dema
    དཀར་ཡོལ་ཆག་ན་ཆག་གེ །དཀར་ཡོལ་ཁྲོམ་ནས་ཉོ་གེ ། ང་ཡི་དྲིན་ཅན་ཕ་མ། །ཁྲོམ་ནས་ཉོ་ས་མིན་འདུག །
  • བསོད་ནམས་ལྷ་མོ་ Sonam Lhamo
    ཕར་གྱི་ཁྲོམ་སྟོན་ལྷ་ཁང་། །དཀོན་གཉེར་མེད་པའི་ལྷ་ཁང། ། གསུང་དང་སྙན་པའི་ཆོས་དྲིལ། །གསིལ་མཁན་མེད་པ་ལུས་སོང། །
  • ནོར་བུ་སྒྲོལ་མ་ Norbu Dema
    གཡུ་འདི་སྔོན་མོ་དགོ་ན། །ང་རང་སྐེ་ལ་བཏགས་ཡོད། ། ཁྱོད་ཀྱི་རྡོ་གཡུ་སྔོན་མོ། །བཏགས་དགོ་བསམ་པ་མིན་འདུག །
  • བསོད་ནམས་ལྷ་མོ་ Sonam Lhamo
    ལས་འཕྲོ་མེད་པའི་འཇམ་པ། །སྙིང་གཏམ་ཚིག་ནི་དགའ་རྒྱུ། ། མཇུག་མཐའ་མེད་པའི་ཆུ་མོ། །སྐུ་གཟུགས་བཙུགས་ནི་དགའ་རྒྱུ། །
  • ནོར་བུ་སྒྲོལ་མ Norbu Dema
    ཆུ་ལ་སྐྱོ་རོགས་ཉ་མོ། །བྲག་ལ་སྐྱོ་རོགས་འུག་པ། ། ལས་ངན་ཅན་གྱི་སྤྲང་མོ། །སྐྱོ་རོགས་བྱེད་མཁན་མིན་འདུག །
  • བསོད་ནམས་ལྷ་མོ་ Sonam Lhamo
    ཤིང་མོ་ཤིང་དཀར་གཅིག་ལ། །རྫབ་ཕྱི་ལྦ་བ་ཆགས་ཡོད། ། ཁྲ་ལ་འགྱུར་ལྡོག་མེད་ན། །གཏིང་ཤན་ལས་ཀྱིས་འཁོར་འོང། །
  • ནོར་བུ་སྒྲོལ་མ་ Norbu Dema
    རྒྱ་ལམ་འོག་གི་ཨོམ་ཆུ། །སྡུག་ཆུ་ཨིན་པ་མ་ཤེས། ། ནང་སེམས་གཞོན་པའི་སྟབས་ཀྱིས། །ཧུབ་གསུམ་འཐུང་མ་ཤོག །
  • བསོད་ནམས་ལྷ་མོ་ Sonam Lhamo
    གཙང་མོ་གཙང་ནས་ཉོ་བའི། །གཙང་མོ་ལྷ་དང་འདྲ་སོང་། ། སྒམ་པོ་ལ་ལ་སླེབས་ཚེ། །གཙང་མོ་སྤྲེའུ་ལ་གྱུར་སོང་། །
  • ནོར་བུ་སྒྲོལ་མ་ Norbu Dema
    རྩིག་པའི་རྨང་ནས་འཐོན་པའི། །གནག་པོ་སྡིག་པ་རྭ་ཙ། ། ཁྱོད་ར་གནག་པས་མ་ཚད། །རི་བོ་ཨམ་རྩང་གནག་སོང། །
  • བསོད་ནམས་ལྷ་མོ་ Sonam Lhamo
    གསེར་སྲང་བརྒྱ་ནས་འཐོན་པའི། །གསེར་སྐུ་ཕྱག་ན་རྡོ་རྗེ། ། ཁྱོད་ལ་བྱིན་རླབས་ཆེ་ཀྱང་(ཡང་)། །ང་ནི་ཕྱག་དབང་མི་ཞུ་ལོ། །
  • ནོར་བུ་སྒྲོལ་མ་ Norbu Dema
    བྱ་པོད་ཁན་ཏ་ལ་གྱིས། །ཁང་པའི་ཤིང་ར་འགྲིམས་སོང་། །
    [མཐོན་པོ་ཀེ་ཀྱི་?]འོང་མི། །ཤོག་སྒྲོ་བྱ་དང་མ་མཉམ། །
  • བསོད་ནམས་ལྷ་མོ་ Sonam Lhamo
    ད་ག་དེ་སྦེ་སླབ་ན་ ཨེ་ཧི་ཧི་་་་་་ ང་གིས་གཅིག་ཡང་མི་ཤེས་པས་ གཏང་ཤིག་ ཁྱོད་ཀྱིས་གཏང་ད་
  • ནོར་བུ་སྒྲོལ་མ་ Norbu Dema
    དཀར་ཡོལ་སེང་གླིང་འཇམ་པ། །ཟ་ས་གཅིག་པུ་ཨིན་པ། ། ལ་མོ་དཔལ་ལི་ལ་མོ། །བརྒལ་ས་མཉམ་དུ་མིན་འདུག། །།