Video Overview
Tshering sings a Zhungdra song called "Long Go Tashi Yang Cha". The song describes the value of a particular village where gold and silver are found and offered to lamas and kings for their longevity.
༉ ལུང་མགོ་བཀྲིས་གཡང་ཆགས་ ཟེར་མི་གཞུང་སྒྲའི་གླུ་གཞས་འདི་ གསར་སྤང་ བདེ་སྐྱིད་གླིང་ལས་ཚེ་རིང་གིས་འཐེན་ཏེ་འདུག གླུ་གཞས་འདི་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་འཁོད་ནང་ ཡོངས་གྲགས་ཅན་ཅིག་ཨིན་ཏེ་འབད་རུང་ ལུང་ཕྱོགས་སོ་སོ་ལས་ཕར་ འཐེན་ཐངས་ཨ་ཙི་རེ་མ་འདྲཝ་སྦེ་ཡོད་པའི་ཁར་ ཚིག་གི་ཐད་ལུ་ཡང་ཨ་ཙི་རེ་མ་འདྲཝ་སྦེ་ཡོདཔ་བཞིན་དུ་ མོ་གིས་འཐེན་མི་དང་གཞན་གྱིས་འཐེན་མི་འདི་ ཚིག་དང་གདངས་དབྱངས་གཉིས་ཆ་ར་ ཨ་ཙི་རེ་མ་འདྲཝ་སྦེ་འཐེན་ཏེ་ཡོདཔ་མ་ཚད་ པར་སྐྲུན་ཐེངས་གཉིས་པ་ སྤྱི་ལོ་ ༢༠༡༠ ཅན་མ་ཀེ་ཨེམ་ཀྲི་གིས་པར་བསྐྲུན་འབད་མི་འབྲུག་གི་གླུ་དེབ་ནང་འབད་བ་ཅིན་ འགོ་བཙུགསཔ་ད་ར་ ལུང་མགོ་བཀྲིས་གཡང་ཆགས་ཟེར་མེན་པར་ ལུང་པ་བཀྲིས་གཡང་ཆགས་ཟེར་ཡོད་པ་གིས་མ་དོ་བར་ ཚིག་ཡང་ཉུང་སུ་ཅིག་སྦེ་ མོ་གིས་འཐེན་མི་དང་མ་འདྲཝ་སྦེ་ར་འདུག ག་དེ་སྦེ་ར་ཨིན་རུང་ ལུང་པ་གི་ལྟག་ལུ་ བཀྲིས་ཤིང་གཡང་ཆགས་པའི་རྩེ་མོ་ཅིག་ནང་ གསེར་དང་བྱེ་མ་སླ་བསྲེས་ཏེ་ཡོད་པའི་ནང་ན་ གསེར་སྐུ་ཕྱག་ན་རྡོ་རྗེ་རང་འབྱོན་སྦེ་ཡོད་པའི་ལོ་རྒྱུས་ཅིག་ཨིན་པས།
- Dekiling
- ཚེ་རིང་ལུང་པ་བཀྲིས་གཡང་ཆགས། རྩེ་མོ་ལོག་ལ།
- ཚེ་རིང་གསེར་དང་བྱེ་མ་བོག་གང་ཡ་ལ་འཇལ་ནས་ཡོད།
- ཚེ་རིང་བོག་གང་རྣམས་སུ་ཕར་བཤེད་ཚུར་བཤེད་ན་ལ།
- ཚེ་རིང་དེ་གི་ནང་དུ་གསེར་སྐུ་ཡ་ལ་རང་བྱུང་བཞུགས།
- ཚེ་རིང་དེ་ཡང་ཞུ་སྟེ་བླ་མའི་ཕྱག་ལུ་ཕུལ་ལ།
- ཚེ་རིང་སྐུ་ནི་འགྱུར་བ་མ་གནང་ཡ་ལ་བླ་མའི་སྐུ།
- ཚེ་རིང་ཐུགས་ནི་འགྱུར་བ་མ་གནང་བླ་མའི་ཐུགས་ལ།
- ཚེ་རིང་བླ་མའི་སྐུ་གསུང་ཐུགས་ལ་ཡ་ལ་ཕྱག་འཚལ་ལོ།
- ཚེ་རིང་ལུང་པ་བཀྲིས་གཡང་ཆགས་སྐེད་པ་ལུ་ལ།
- ཚེ་རིང་དངུལ་དང་བྱེ་མ་བོག་གང་ཡ་ལ་འཇལ་ནས་ཡོང།
- ཚེ་རིང་བོག་གང་རྣམས་སུ་ཕར་བཤེད་ཚུར་བཤེད་ན་ལ།
- ཚེ་རིང་དེ་གི་ནང་དུ་དངུལ་སྐུ་ཡ་ལ་རང་བྱུང་བཞུགས།
- ཚེ་རིང་དེ་ཡང་ཞུ་སྟེ་རྒྱལ་པོའི་ཕྱག་ལུ་ཕུལ་ལ།
- ཚེ་རིང་སྐུ་ནི་འགྱུར་བ་མ་གནང་ཡ་ལ་རྒྱལ་པོའི་སྐུ།
- ཚེ་རིང་ཐུགས་ནི་འགྱུར་བ་མ་གནང་རྒྱལ་པོའི་ཐུགས་ལ།
- ཚེ་རིང་རྒྱལ་པོའི་སྐུ་གསུང་ཐུགས་ལ་ཡ་ལ་ཕྱག་འཚལ་ལོ།ཡ་ལགས་སོ།