Video Overview
Rinchen Dema from Joenkhar village under Tsashigang District sings the zhungdra song “Namkhai Yarla.” This song is usually sung in honor of great personalities to mark their visit to the community. It can be performed either individually or in groups, in which case there can be an accompanying dance. It also performed for general entertainment.
༉ བཀྲ་ཤིས་སྒང་རྫོང་ཁག་སག་སྟེང་རྒེད་འོག་ གཡུས་ཇོན་ཁར་ལས་རིན་ཆེན་སྒྲོལ་མ་གིས་ འབྲོག་པའི་གཞུང་སྒྲ་གནམ་ཁའི་ཡར་ལ་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་གི་འབྱུང་ཁུངས་དང་བྱུང་རབས་ བརྩམ་པ་པོ་ཚུ་ངོས་འཛིན་འབད་མ་ཚུགས་རུང་ གཡུས་ཁའི་མི་རྒས་ཤོས་ཚུ་གིས་བརྩམ་བརྩམས་ཨིན་ཟེར་ བཤདཔ་ཨིན་པས། གླུ་གཞས་འདི་ གཡུས་དེ་ནང་ ཡར་རྒྱས་གོང་འཕེལ་གྱི་དོན་ལས་ཁག་ཆེ་བའི་དཔོན་ཁག་ཚུ་འབྱོན་པའི་སྐབས་ ཁོང་ལུ་བཀའ་དྲིན་དགའ་ཚོར་གྱི་ཚུལ་འབད་ཕུལ་དོ་ཡོདཔ་ད་ གདངས་ཀྱི་ཐད་ཁར་ ད་རེས་ནངས་པར་བསྒྱུར་བཅོས་འགྱོ་ཡོདཔ་ཨིན་མས། འ་ནཱི་གླུ་གཞས་དེ་ཡང་ ད་ལྟོ་ཚུན་ཚོད་སྒྲ་པར་བཟུང་བཟུངམ་དང་ཡིག་ཐོག་གུ་ཕབ་ཕབ་མེདཔ་ད་ གླུ་གཞས་འདི་འཐེན་པའི་སྐབས་ལུ་ མི་རྐྱང་དང་ཡང་ན་ སྡེ་ཚན་འབད་འཐེན་དོ་ཡོདཔ་ཨིན་མས། གླུ་གཞས་འདི་གིས་ འཇིག་རྟེན་ཁམས་ལུ་ཡོད་པའི་ཡོངས་གྲགས་ཅན་གྱི་དངོས་པོ་ཚུ་གི་བར་ན་ཁྱད་པར་ཕྱེཝ་ཨིནམ་ད་ དེ་ཡང་ གནམ་ཁའི་སྐར་མའི་ནང་ལས་ ང་ར་ལུ་མཛེས་པ་འདི་སྐར་མ་སྨིན་དྲུག་དང་ ལྡུམ་རའི་མེ་ཏོག་ནང་ལས་ ང་ར་ལུ་མཛེས་པ་པདྨ་སྟོང་ལྡན། དགོན་སྡེའི་མཚན་ལྡན་བླ་མའི་ནང་ལས་ ང་ལ་མཛེས་པ་ཨོ་རྒྱན་གུ་རུ། རྫོང་གི་དབང་ཆེན་དཔོན་པོའི་ནང་ལས་ ང་ལུ་མཛེས་པ་མངའ་བདག་རྒྱལ་པོ། གཡུས་ཀྱི་མི་ཚུ་གི་ནང་ལས་ ང་ལུ་མཛེས་པ་དྲིན་ཅན་ཕ་མ་ཨིན་ཟེར་ རང་ལུ་དགོས་ཧིང་དང་ ཁག་ཆེ་ཧིང་གི་དབང་གིས་ དེ་ཚུ་གི་བར་ན་ཁྱད་པར་ཕྱེཝ་ཨིནམ་ད་ དུས་ཚོད་དང་བསྟུན་ཏེ་ འཐེན་ནི་གི་གླུ་གཞས་ཅིག་ཨིན་པས།
- Trashigang
- Sakteng
- རིན་ཆེན་སྒྲོལ་མ་Rinchen Dolma: སྐུ་གཟུགས་བཟང་པོ་ཟེར་སླབ་དོ་བཟུམ་སྦེ་སླབ་གེ ངེའི་གླུ་གཞས་འདི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་འབྲོག་པའི་གཞུང་སྒྲ་ སོ་ནམ་མཁའི་ཡར་ལ་ཟེར་ སླབ་མི་ཅིག་ཡོད་ འ་ནཱི་གླུ་གཞས་འདི་ འཐེན་གེ་ཟེར་ཞུ་ནི། ང་བཅས་དང་ཕུ་ཨ་པ་ཨའི་ཚུ་གིས་ འཐེན་ནི་འདུག འ་ནཱི་ ཤུལ་ལས་ང་བཅས་ཀྱིས་དཔྱེ་བལྟ་སྟེ་འཐེན་ནི་ཡོད། ང་བཅས་ཀྱིས་ཡང་ འ་ནཱི་གླུ་གཞས་འདི་སྤྲོ་བ་ཡོད། ཏེ་འ་ནཱི་གླུ་གཞས་འདི་ ང་བཅས་ཕར་ལུ་ ངེའི་གཡུས་ཁ་ལུ་ ག་ཅི་ཟེར་བ་ཅིན་ བླམ་སྦོམ་ཚུ་ལྷོདཔ་ད་འཐེན་ནི་ཡོད། ལྟདམོ་བཟུམ་ཅིག་ཨིན་མས་བ་སྨོ་ལགས། ད་ངེའི་གླུ་གཞས་འདི་འགོ་བཙུགས་གཏང་གེ་སྨོ་ལགས།
- རིན་ཆེན་སྒྲོལ་མ་Rinchen Dolma: ནམ་མཁའི་ཡ་ལ་སྐར་མའི་དྲུང་དུ་སོ་ཡ་ལ། །ང་ལ་མཛེས་པའི་སྐར་མ་སྨིན་དྲུག་སོ་ཡ་ལ། །ང་ལ་མཛེས་པའི་སྐར་མ་སྨིན་དྲུག་སོ།
- རིན་ཆེན་སྒྲོལ་མ་Rinchen Dolma: ལྡུམ་རའི་ཡ་ལ་མེ་ཏོག་པདྨ་སོ་ཡ་ལ། །ང་ལ་མཛེས་པའི་པདྨ་སྟོང་ལྡན་སོ་ཡ་ལ། །ང་ལ་མཛེས་པའི་པདྨ་སྟོང་ལྡན་སོ། །
- རིན་ཆེན་སྒྲོལ་མ་Rinchen Dolma: དགོན་སྟོད་ཡ་ལ་མཚན་ལྡན་བླ་མ་སོ་ཡ་ལ། །ང་ལ་མཛེས་པའི་ཨོ་རྒྱན་གུ་རུ་སོ་ཡ་ལ། །ང་ལ་མཛེས་པའི་ཨོ་རྒྱན་གུ་རུ་སོ། །
- རིན་ཆེན་སྒྲོལ་མ་Rinchen Dolma: རྫོང་སྟོད་ཡ་ལ་དབང་ཆེན་དཔོན་པོ་སོ་ཡ་ལ། །ང་ལ་མཛེས་པའི་མངའ་བདག་རྒྱལ་པོ་སོ་ཡ་ལ། །ང་ལ་མཛེས་པའི་མངའ་བདག་རྒྱལ་པོ་སོ། །
- རིན་ཆེན་སྒྲོལ་མ་Rinchen Dolma: གཡུས་སྟོད་ཡ་ལ་མི་ཆེན་རྩ་བ་སོ་ཡ་ལ། །ང་ལ་མཛེས་པའི་དྲིན་ཅན་ཕ་མ་སོ་ཡ་ལ། །ང་ལ་མཛེས་པའི་དྲིན་ཅན་ཕ་མ་སོ། །
- རིན་ཆེན་སྒྲོལ་མ་Rinchen Dolma: ལ་སོ་ལགས།། །།