Skip to main content Skip to search
28 Aug 2012
1 min 43 sec
Audio Overview
Creators: 
Unknown

ཞིང་ཁམས་སྡེ་བའི་ལོ་རྒྱུས། བཅར་འདྲི་བྱེད་ཡུལ། གདུགས་དཀར་སྐྱབས། ལོ། 80 ཕོ་མོ། ཕོ། ཕ་ཡུལ། ཞིང་ཁམས། དུས་ཚོད། 2011-7-17 བཅར་འདྲི་མཁན། སངས་རྒྱས་སྒྲོལ་མ། ཞིང་ཁམས་ཞེས་མིང་ཐོག་ཚུལ་ལ་བཤད་ཚུལ་འདྲ་མི་སྣ་ཚོགས་ཡོད། མདོ་སྨད་ཆོས་འབྱུང་ནང་དུ་མིང་ལ་ཤིས་སྐམ་ཞེས་བྲིས་ཡོད། གཅིག་ནི་ཞིང་ཁམས་ཏེ་ཡུལ་ཁམས་དང་གནས་ཀྱི་མིང་ཐོག ཡང་རྒན་པོ་ཚོས་ངག་རྒྱུན་གྱི་་བཤད་ཚུལ་ཞིག་ནི་སྔོན་སྡེ་བའི་མདུན་ཕྱོགས་ས་ཤིང་སྡོང་སྐམ་པོ་ཞིག་ཡོད་པའི་རྐྱེན་གྱི་མིང་ལ་ཤིང་སྐམ་ཞེས་ཐོག་ཟེར་བཞིན་འདུག གང་ལྟར་བཤད་ཚུལ་འདི་གསུམ་པོ་རང་རང་ལ་གནས་ལུགས་རེ་ཡོད། སྡེ་བ་འདི་ད་ལྟའི་བར་དུ་ལོ་ངོ་ཕལ་ཆེར་གཉིས་བརྒྱ་ལྷག་ཙམ་ཡོད་པ་འདུག་ལ། ཕལ་ཆེར་བོད་དམག་སྡོམ་པོའམ་ཆད་པོ་ཞིག་ས་འདིར་ཡོང་ནས་ས་བཟུང་བ་ཡིན་ཤས་ཆེ་ཞེས་རང་སྡེའི་རྒན་པོ་ཚོའི་ངག་རྒྱུན་དུ་འདུག ཞིང་ཁམས་སྡེ་བ་ལ་ཚོ་བ་གཉིས་ཡོད་ལ་ཞ་ཕོ་ཚོ་བ་དང་བ་སྒོ་ཚོ་བ་ཟེར། ཕ་ལྔ་ཡི་བུ་རེད། བ་སྒོ་ཚོ་འདི་ཀླུ་ཆུང་ནས་ཚུར་ཡོང་བ་རེད། ཞིང་ཁམས་སྡེ་འདི་གཙོ་བྱས་ནས་མར་འགག་ལུང་བ་ཡོངས་ཟམ་ཚ་དང་དོན་དག་ལ་ཐུག་པ་རེད། དོན་དག་དེ་ལོ་སུམ་ཅུའི་རིང་ལ་མ་འགྲུབ་པ་རེད། ཨ་ཁུ་(གྲྭ་བ)སྔགས་རིམ་པ་ཞེས་བྱ་བ་ཞིག་ཡོད་པ་དེ་ལྷ་ནས་དགེ་བཤེས་བཏང་བ་དང་། ད་དུང་ཨ་ཁུ་(གྲྭ་བ)ལྷ་རིམ་ཟེར་བ་ཞིག་ཀྱང་བྱུང་། དེ་ནས་ད་དུང་བློ་བཟང་སྦྱིན་པ་ཟེར་བའི་རྩིས་བ་གྲགས་ཅན་ཞིག་བྱུང་། དེས་རླབས་ཆེན་གྱི་བློ་མཐུན་མའོ་ཙེ་ཏུང་དང་ཙུང་ལི་ཀྲུའུ་ཨིན་ལེན། ཀྲུའུ་ཏུ་སོགས་སྐུ་འདས་ལ་ཉེ་བ་དེ་རྩིས་བརྒྱབ་ནས་ཤེས་སོང་བ་རེད། དེ་ནས་ཞིང་ཁམས་སྡེ་བར་མི་སྣ་ཧ་ཅང་གྲགས་ཅན་ཞིག་ཡོད་ལ། ཁོང་གིས་མེས་ རྒྱས་གཅིག་གྱུར་ལས་དོན་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད་ལ། ཁོང་གིས་ཆོས་ དཔལ་ཞིང་གི་སེར་སྐྱ་མི་དམངས་ལ་བླ་མེད་ཀྱི་མཛད་རྗེས་བཞག་ཡོད། ཁོང་ནི་ཚ་ ཀན་ཧོ་ཐོ་ཁེ་ཐོ་ཀུན་དགའ་རྒྱལ་མཚན་མཆོག་ཡིན་ལ། ཆིང་རྒྱལ་རབས་སྐབས་ཁོང་གིས་ཡི་ལི་དམག་དཔོན་བྱས་ནས་ཞིན་ཅིང་ས་ཆ་ནས་ཨི་རི་སིས་ཀྲུང་གོ་ལ་བཙན་ འཛུལ་བྱེད་པའི་གོམ་སྟབས་ཇེ་དལ་དུ་བཅུག དེ་ནས་ཀུན་དགའ་རྒྱལ་མཚན་ནམ་བླ་མ་དཀར་པོ་སྐུ་ཕྲེང་དང་པོ་མཆོག་གིས་ཆོས་དཔལ་ཞིང་གི་རི་ཁྲོད་བཅུ་གཉིས་མཉམ་གཅིག་ཏུ་བསྡུས་ནས་རྒྱུད་སྡེ་བཞི་འཛོམས་པའི་བཀྲ་ཤིས་ཆོས་འཁོར་གླིང་ཕྱག་འདེབས་བྱས། མགོན་པོ་བཀྲ་ཤིས་ཟེར་བ་དེ་མར་འགག་ལུང་བའི་ནང་གི་མི་སྣ་གྲགས་ཅན་ཞིག་ཡིན་ལ། ཁོང་ནི་ཆབ་སྲིད་ལ་མཁས་བ་ཞིག་ཡིན་ལ། ཁོང་མར་འགག་ལུང་པའིགཉེར་དཔོན་བྱས་ལ། ཅོ་ནེ་དཔོན་པོའི་བློས་མཐུན་གྱི་ལས་རོགས་པ་ཞིག་ཏུ་བརྩི། དེ་ཡང་ཞིང་ཁམས་སྡེ་བའི་ནང་མར་འགག་ལུང་བའི་གཉེར་དཔོན་བྱེད་མྱོང་མཁན་མི་གསུམ་ཙམ་ཡོད། ད་ལྟ་ཞིང་ཁམས་སྡེ་བ་ལ་ཁྱིམ་ཚང་༧༣ཡོད། ཞིབ་འཇུག་སློབ་མ་གཅིག་དང་སློབ་གྲྭ་ཆེན་མོ་བ་གསུམ། འབྲིང་རིམ་སློབ་མ་༤༤ཡོད། སློབ་ཆུང་སློབ་མ་༨༠ཡོད། རྒྱལ་ཁབ་ཀྱི་ལས་བྱེད་པ༧ལྷག་ཙམ་ཡོད།